ཡིག་ནོར་དང་ཨུ་ཚུགས།

ཨ་རིག་དགེ་མཐོང་།

སྤྱིར་བཏང་བོད་ཕྱི་ནང་གི་དྲ་ཚིགས་ཀུན་ཏུ་ཡིག་ནོར་གྱི་འཚང་ཁ་ཆེ་ཞིང་། གཏགས་ནོར་གྱི་གཅིན་པ་བཞུར་མཁན་མང་ལ། དེ་བས་ཀྱང་དོན་ནོར་གྱི་སྐྱག་པ་གཏོང་མཁན་ཚོ་སྡུག དྲ་བར་ཞུགས་པའི་ཉམས་མྱོང་ཡོད་ཚེ་ཡིག་ནོར་ནི་མ་ཤེས་པར་ཁ་ལག་པའི་བར་ནས་ཤོར་འགྲོ་ལ། མཛུབ་མོས་མཐེབ་གཞུང་སྟེང་གི་ཡི་གེའི་གཟུགས་རིས་ལ་གནོན་སྐབས་འཆོར་བ་དང་། ཡིད་གཟབ་ནན་མེད་པའི་སྒོ་ནས་ཀྱང་རང་བཞིན་གྱིས་ཤོར་འགྲོ། ཡིག་ནོར་འདི་ཆེ་ས་ནས་བཤད་ན་མི་རིགས་ཀྱི་ཚེ་སྲོག་ལ་རྨ་ཁ་བཟོས་པ་རེད། ཆུང་ས་ནས་གླེང་ན་མགོ་དཔོན་པོ་དང་བླ་སྤྲུལ། དགེ་རྒན་བཅས་ཀྱི་ལག་ན་རྒྱུན་འབྱམས་སུ་ཕྱིན་པའི་འགྲོ་སྟངས་ཤིག་ཀྱང་རེད། བར་ནས་བཤད་ན་ཡིག་ནོར་ཤོར་ན་དོན་ནོར་འབྱུང་སྲིད། དེ་ལྟར་ན་གོ་བརྡ་མི་འཕྲོད་པས་གཟབ་རྒྱུ་གལ་ཆེ།

མི་རིགས་དེའི་སྐད་ཡིག་ ནི་མི་རིགས་དེའི་ཚེ་སྲོག་ཡིན་པ་མཁས་པ་དང་བླུན་པོ་དག་གིས་ཡང་ཡང་སྨྲས་ཟིན་པས་ བསྐྱར་ཟློས་ལ་མི་འབད། དྲ་ བའི་ཡིག་ནོར་འདི་ཡག་རྟགས་ཤིག་མིན་པ་ལྐུགས་པ་མ་ཡིན་པའི་ཤེས་པ་གནད་དུ་ཡོད་ མཁན་ཞིག་ཡིན་ཚེ་ཁས་ལེན་པར་ངེས། འོན་ཀྱང་། རང་རེའི་རྩོམ་པ་པོར་རློམ་མཁན་དང་ཁོག་རྒྱ་ཆུང་བའི་གང་ཟག་ཁག་ཅིག་གིས་ཡིག་ནོར་ བྲིས་པ་ལ་སྐྱོན་བཙུགས་ན། ཡིག་ནོར་ཤོར་ཡོད་པའི་དཔེ་དེབ་དང་ཡིག་ནོར་རེད་བསམ་སྤྱད་ཀྱི་མཁས་པའི་གསུང་རེ་ ཨེ་རྙེད་ཀྱིས་འབད་བརྩོན་ལ་བརྟེན་ཏེ་རང་ཉིད་འགེབས་བསྲུང་ལ་བྲེལ། སུ་ཡིན་ན་ཡིག་ནོར་ཡོད་སྲིད་ལ་ཡོད་པ་བཞིན་གཞན་གྱིས་བཅོས་ན་རྗེས་སུ་ཡི་རངས་ དང་དགའ་བ་སྒོམ་རྒྱུ་ལས། དེ་ལ་མི་འདོད་པའི་སྐྱག་རྫུན་རིགས་ལ་བསྡུས་ལུང་བསྡུས་ཏེ་ཁ་ལན་སློག་མི་རུང་ སྟེ། ཁྱེད་ཅག་གི་ཁ་ན་དུས་རྒྱུན་ཁ་འདོན་ལྟ་བུར་གླེང་བའི་མི་གཞི་དང་། བདེན་པ་དགོས་རབས་སྨྲ་པའི་རང་གི་སྐད་ཆ་སྔོན་བསྒྲགས་ཟིན་པ་དག་ལ་བསམ་གཞིག་ གཏོང་ཤེས་དགོས་ལ། མ་མཐའ་ཡང་མི་རིགས་ཤིག་གི་ད་ལྟའི་སྐད་ཡིག་གི་ཚེ་སྲོག་འདི་ཆད་ལ་ཉེ་སྐབས་ཡིན་ པའི་ངོས་ནས་དྭང་ལེན་བྱེད་རྒྱུ་གལ་ཆེ། ཡིག་ ནོར་གྱི་ཁུངས་དེད་དེ་སྔོན་གྱི་རྡོ་རིང་གི་ངོས་དང་གཏེར་ཡིག་ཏུ་གྲགས་པ་ཚོ་ རྒྱབ་རྩར་ཤེད་མི་འོས། ཡིག་ནོར་ནི་སུ་ཞིག་གིས་ཤོར་ན་ནོར་འཆུག་ལས་འདི་ལ་དམིགས་བསལ་དང་གན་ཉེས་ཆད་ ཅེས་པ་གཏན་ནས་མེད་པར་གཅིག་མཚུངས་སུ་བལྟ་དགོས།

མདོར་ ན། ཉེ་ཆར་ནས་བཟུང་ཡིག་ནོར་གླེང་རྒྱུ་དང་ཡིག་ནོར་ཡིག་ནོར་དུ་ཁས་མི་ལེན་པའི་ གླེན་རྟགས་སྟོན་རྒྱུ་ཇེ་མང་རེད། དེ་ཡང་ཕར་དེད་ན་ས་སྔོན་མ་ནས་གླེང་རྒྱུ་ཡོད་ཀྱང་། ད་ཐེངས་ཀྱི་འདིའི་འགག་རྩ་ནི་ཉེ་སྔོན་གྱི་༼ཡིག་ནོར་གྱི་མཛེས་པ༽། འབྲི་མཁན་རེ་རྐང་གླིང་།༼ནུབ་བྱང་དང་གླག་གི་ཡིག་ནོར་ང་བདུན་༽འབྲི་མཁན་དཔའ་ བེའུ་དང་། དེ་ནས་༼ རེ་རྐང་གླིང་གི་ཡིག་ནོར། ༽འབྲི་མཁན་གློག ༼སྙན་ངག་པ་གཅན་མེ་སྟག་གིས་བོད་ཡིག་ལ་སྣང་ཆུང་བྱས་པ༽།འབྲི་མཁན། ལམ་འགྲོ་བ། འདི་ ཚོ་རེད། དེ་ལས་གཞན་ཕན་ཚུན་ལ་གསལ་བཤད་ལྟ་བུའི་སྐད་ཆ་དང་། བར་གྱི་མི་གཞན་དག་གི་མཆན་བུ་དང་དེའི་ཐད་ཀྱི་ཟིན་བྲིས་མང་ཡང་ཡོད་ཚད་གླེང་ མེད། རྒྱུ་རྐྱེན་དེ་ལ་བརྟེན་ནས་མཚོ་སྔོན་ཟིན་བྲིས་སུ་འུར་འདྲོགས་དང་ལྷག་བསམ་ཟུང་ འབྲེལ། རང་གི་ནོར་འཆུག་ཨུ་ཚུགས་བྱས་ཏེ་ཁས་མི་ལེན་པ་སོགས་སྐྱུག་བྲོ་བའི་ངོ་གདོང་ རྫོབ་རོ་དེ་བསྟན་པ་རེད། ད་དུང་ཡིག་ནོར་ནི་༼དག་གསར་༽ལ་ཡོད་རབས་དང་བྱིས་པ་ཚོ་དེ་ལ་མགོ་འཁོར་ནས་ལོག་ ལམ་དུ་འགྲོ་བཞིན་པའི་སྐད་ཆ་རྫ་ནེ་རྫུན་ནེ། རང་ནི་གང་བྲིས་ལ་མངའ་བརྙེས་པ་ལྟ་བུའི་ཁ་ཤོམ་དང་སྤོམ་བཤད། ལྟ་བ་མི་འདྲ་བ་ཡོད་མདོག་གིས་གཞན་ལ་དམའ་འབབ་དང་མཐོང་ཆུང་ཁྱད་གསོད་བྱེད་སྟངས་ ནི་ལག་ཏུ་སྙུ་གུ་འཛིན་མཁན་ཞིག་གི་འོས་འགན་རེད་དམ།

མདོར་ དྲིལ་ན། རང་ནི་མི་གཞི་ཡོད་ཚུལ་དང་སྒལ་ཚིགས་དྲང་རབས་སོགས་ཀྱི་ཐ་ཚིག་སྒྲོག་མཁན་ཞིག་ མ་ཡིན་ནམ།ད་དུང་གཞན་ལ་ཡིག་ནོར་ཡོད་པས་ངས་ཀྱང་ཡིག་ནོར་བྲི་རྒྱུ་ཟེར་ན། གཞན་གྱིས་ཁྱིམ་དུ་སྐྱག་པ་གཏོང་ན་ཁྱེད་ཀྱིས་ཀྱང་དེ་ལྟར་བྱེད་རྒྱུ་ཡིན་ནམ། ངས་བལྟས་ན་ཁྱོད་ཚོས་བོད་ཀྱི་གྲྭ་བ་ཚོ་ཀླད་རྙིང་དང་མཁྲེགས་འཛིན་ཆེ་རབས་ཟེར་ བ་ལས་རང་ཉིད་ཀྱི་ནོར་འཆུག་འདི་མཁྲེགས་འཛིན་མི་བྱེད་པར་བོད་ཀྱི་སྐད་ཡིག་ལ་ འགྱོད་བཤགས་ཞུ་རན་འདུག སྤྱིར་ བཏང་དྲ་བར་ཞུགས་མཁན་ཡོངས་ལ་ཡིག་ནོར་དང་གཏགས་ནོར་མེད་མཁན་ཧ་ཅང་ཉུང་། འོན་ཀྱང་། ཡིག་ནོར་ཡིག་ནོར་དུ་ངོས་འཛིན་གནང་མཁན་ནི་མང་ལ་ཡིག་ནོར་བཅོས་ན་དགའ་མཁན་ནི་ དེ་བས་ཀྱང་མང་། ཡིན་ནའང་། ང་ནི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རློམ་མཁན་རེ་ཟུང་གི་ཡིག་ནོར་བཅོས་ན་ སྡང་མིག་གིས་བལྟ་ཞིང་། གང་ཟག་དེ་སྐབས་དེ་ནས་བཟུང་ཁོའི་དགྲ་བོ་དང་པོར་བལྟ་མཁན་ཇེ་མང་རེད། ད་དུང་། ཡིག་ནོར་བཅོས་ན་རྗེས་སུ་དྲ་བར་མི་ཞུགས་མདོག་མདོག་དང་། སྔོན་སྙན་ངག་པ་དང་རྩོམ་པ་པོ་གྲགས་ཅན་ཞིག་བུད་སོང་རབས་གླེང་། སྐྱོན་ལ་ངོས་ལེན་བྱེད་མ་ཐུབ་པ་དང་བདེན་དོན་ལ་མིག་ལྷོག་བལྟ་མཁན་ནི་བུད་སོང་ ན་འགྱོད་པ་སུ་ཞིག་ལ་ཡོད། ད་དུང་དེའི་རིགས་ནི་འདུག་པ་ལས་སོང་ན་རང་གཞན་གཉི་ག་ལ་ཕན་ཆེ་སྟེ། དེ་ཚོ་མ་སོང་ན་མི་གཅིག་གིས་མི་བརྒྱ་ནད་པའི་མི་གཏོང་བའི་ངེས་པ་ག་ལ་ཡོད།

གཞན། མི་དེའི་རིགས་ལ་ངོ་དགའ་སྦྲེལ་ལད་འཁྲམ་མཁན་མང་ཡང་གནས་སྐབས་བཏང་སྙོམས་སུ་འཇོག་འདོད་སྐྱེས།

ད་ ནིང་ཞིག་ལ་ང་ཚོས་ཀྱང་ཡིག་ནོར་གླེང་། སྤྱི་སྐད་ཡོད་མེད་བརྩད། དེ་ནས་ཁག་གཉིས་སུ་གྱེས་ཏེ་ཕན་ཚུན་གྱི་མིང་ལ་ཀ་ཆེན་བཞི་དང་སེང་ཆེན་བཞི་སོགས་ ཀྱི་ཐ་སྙད་ཀྱིས་བསྙད་དེ་རྒྱུན་རིང་ལ་གླེང་མོལ་བྱས། སྐབས་དེར་ཁོ་བོས་ ༼ཁྱོད་ཚོས་འུར་མ་རྒྱག ད་ལྟ་བོད་ལ་སྤྱི་སྐད་མེད་༽ཅེས་པའི་འབོལ་རྩོམ་ཞིག་དང་བསམ་འཆར་སྔ་ཕྱི་ཁག་ གསུམ་བཞི་ཞིག་བྲིས་པ་ཡིན་མོད། ད་ལྟའི་ཡིག་ནོར་གླེང་བ་འདི་འདྲ་མིན་པར་སུ་ལ་བདེན་པ་ཡོད་ན་དེ་ལ་རྒྱལ་ཁ་སྤྲད་ པ་རེད། དེ་རིང་གི་འདི་ནི་གསོལ་འདེབས་ཀྱི་ཚུལ་དུ་བྲིས་པ་ལས་མི་སྒེར་བའི་མིང་སྨོས་ ཏེ་བཤད་མེད། ད་དུང་མུ་མཐུད་ནས་ཨུ་ཚུགས་དང་མཁྲེགས་འཛིན་བྱས་ན་བོད་ཀྱི་སྐད་ཡིག་གི་ཚེ་ སྲོག་བསམ་སྟེ་སྙུག་གུའི་མདུང་རྩེ་ཁྱོད་ལ་གཏད་ངེས་ཡིན།

བོད་ ཡིག་བེད་སྤྱོད་གཏོང་མཁན་ཡོངས་ལ་ཁོ་བོས་མཐོང་ཆེན་ལྟ་བུ་བྱེད་ཀྱིན་ཡོད་ལ། དེ་བཞིན་གོང་གི་རྩོད་རྙོག་ཅན་གྱི་ཡིག་ནོར་འབྲི་མཁན་དག་ལ་ཡང་དེའི་ཆ་ནས་དགའ་ ཞིང་བརྩེ་སེམས་ཡོད།