ཡུལ་ཤུལ་གྱི་སྤུན་ཟླ་རྣམས་ལ།

ཡུལ་ཤུལ། སྐྱེ་དགུ་མདོ། ས་བབ་དང་མི་གཤིས་དམིགས་བསལ་དུ་གྱུར་ཞིང་། རང་བྱུང་ཁོར་ཡུག་ལ་རྩྭ་རྩི་སྨན་གྱིས་ཕྱུག་ལ་གཏེར་དངོས་ཕུན་སུམ་ཚོགས་པའི་འབྱོར་ཕྱུག་གི་ས་གཞི་དེ་ད་ལྟ་ཐལ་བའི་ཕུང་པོ་རུ་གྱུར། ས་མཐོའི་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་མངའ་བའི་ཡུལ་ཤུལ་གྱི་ཕོ་གཞོན་མོ་གཞོན་དང་། ཨ་ཁུ་ཨ་ནེ། ཨ་ཡེ་ཨ་མྱེ། བློ་རིག་དང་སྤྲོ་སྐྱིད་ཀྱི་གཤིས་ཀ་མངའ་བའི་ན་ཆུང་བྱིས་པ་དང་བཅས་པའི་ངའི་སྤུན་ཟླ་རྣམ་པ་ད་ལྟ་སྐྱི་གཡའ་བའི་འཇིག་རྟེན་ཡན་གར་བ་ཞིག་ཏུ་དྲངས། གླུ་གར་ལ་དགའ་ཞིང་སྒྲུང་དང་ལ་གླུ་ལ་མོས་ལ་རྟ་རྒྱུག་འབེན་འཕེན་གྱི་རྩེད་འཇོ་ལ་མཁས་པའི་ཡུལ་ཤུལ་གྱི་སྤུན་ཟླ་རྣམས། ད་ལྟ་ཤི་གསོན་དཀར་ནག་གི་ལམ་ལ་གདམ་ཀའི་རང་དབང་ཤོར་ཞིང་ཉམ་ཆུང་ཚེ་སྲོག་ལ་མི་འདོད་བར་ཆད་ཕོག་པས། ཁྱེད་ཚོའི་ཨ་ཅེ་དང་ཨ་ནེ། ཨ་མ་དང་ཨ་ཡེ། ནུ་མོ་དང་བུ་མོ་གང་རུང་དུ་འོས་པའི་བུ་མོ་ངའི་སེམས་པ་རབ་ཏུ་གདུངས་མོད། ངས་བརྙན་འཕྲིན་དང་གསར་འགྱུར་སྲུང་ཞིང་སེམས་ཁྲལ་གྱི་དངན་པ་འཐེན་གྱིན་གསོལ་འདེབས་སྨོན་ལམ་གྱི་དབྱངས་རྟའི་རམ་སྐྱོར་ཙམ་ལས་ཅི་བྱའི་གཏོལ་དང་བྲལ་སོང་བ་ཐབས་སྐྱོ་ཨང་། ངའི་ཨ་ཁུ་དང་ཨ་ནེ། མིང་སྲིང་དང་བུ་ཕྲུག་གང་རུང་དུ་འོས་པའི་ཁྱེད་ཚོས་གྱང་གོག་ཧྲུལ་པོའི་སྲུབ་སྦུག་ན་མིག་ཟུང་ཧྲིག་ཧྲིག་ཏུ་ལྡིར་གྱིན་ཁྲུག་ཁྲུག་འདར་བའི་ལག་ཟུང་དག་སྔོག་འབྲུའི་བྲེལ་འཚུབ་ཀྱི་རྔམ་པ་ལ་གཞོལ་དུས། ངའི་སྙིང་ཁ་ལ་ཅི་འདྲའི་ན་ཟུག་ཅིག ཤི་བྲལ་གསོན་བྲལ་གྱི་སྐྱོ་སྡུག་མྱངས་ཤིང་རང་ལུས་གོག་པོ་ན་ཟུག་རྨས་ཀྱིས་ཁྱབ་པ་ཁྱེད་ཚོས། ད་ལྟ་མིག་ཆུ་རྒྱ་མཚོ་རུ་བསྐྱིལ་ན་འོས་མོད། ཕྱིའི་རྣམ་འགྱུར་གང་སྒམ་དང་གང་ཐུབ་ཀྱིས་ཡོད་ཚད་བཟོད་བསྲན་བྱས་ནས་མིག་ཆུ་ཁོག་ལ་སྐུམ་གྱིན་པའི་སྙིང་སྟོབས་ཀྱིས་ཀྱང་ངའི་སེམས་པ་དུམ་བུར་བཀས་འགྲོ་ཨང་། ངའི་སྙིང་ནས་གཅེས་པའི་ཡུལ་ཤུལ་གྱི་སྤུན་ཟླ་རྣམ་པ། རང་བྱུང་གི་གནོད་འཚེ་ལ་ཡ་ང་བྲལ་ཞིང་། རང་བྱུང་གི་གནོད་འཚེའི་འཇབ་རྒོལ་ལ་ང་ཚོས་གཡོལ་ཐབས་མེད་མོད། ཁྱེད་ཚོའི་སེམས་པ་མ་ཞུམ་དང་། འཇིག་རྟེན་ས་སྒང་འདིའི་གྲུ་ཟུར་གང་སར་ཁྱེད་ཚོའི་སྤུན་ཟླ་མང་པོས་གདུང་སེམས་ཀྱི་མིག་ཆུ་བཞུར་གྱིན་བརྩེ་བའི་ཕྱག་ཟུང་དྲོན་མོ་ཁྱེད་ཚོའི་ཕྱོགས་ལ་བཏང་ཡོད། མཛའ་བའི་སེམས་པ་དམར་མོ་ཁྱེད་ཚོར་གླན་ཡོད། གཅེས་པའི་སྤུན་ཟླ་རྣམ་པ། ཁྱེད་ཚོས་མིག་ཆུ་མ་བཞུར་ཨང་། ང་ཚོའི་འདས་ཟིན་པའི་བུ་དང་བུ་མོ། ཨ་ཡེ་ཨ་མ། ཨ་ཁུ་ཨ་ཕ་དང་བཅས་པའི་སྙིང་ཉེ་ཚོས་གསོན་བཞིན་པའི་ང་ཚོ་ལ་མིག་ཆུ་བཞུར་མི་འོས་པའི་བཀའ་མངགས་གནང་འདུག ང་ཚོའི་འདས་ཟིན་པའི་སྤུན་ཉེ་ཚོས་གསོན་བཞིན་པའི་ང་ཚོ་ལ་སྙིང་སྟོབས་ཀྱི་བ་དན་བསྒྲེང་ནས་ཁྱིམ་གཞི་བསྐྱར་བསྐྲུན་དང་ཡུལ་ཤུལ་གསར་སྤེལ་གྱི་རེ་སྒུག་ཞུ་བཞིན་འདུག ཡུལ་ཤུལ་སྐྱེ་དགུ་མདོ། མཛེས་སྡུག་དང་འབྱོར་ཕྱུག་གིས་གཏམས་པའི་ཡུལ་དེ་ད་ལྟ་ཐལ་རྡུལ་གྱི་ཕུང་པོ་ལ་བཏང་མོད། དེ་ན་ངའི་བུ་ཕྲུག་ཡོད། ངའི་ཕ་ཁུ་ཡོད། ངའི་མ་སྲུ་ཡོད། ངའི་སྙིང་དུ་སྡུག་པའི་སྤུན་ཟླ་ཚོ། ཁྱེད་ཚོས་ཡིད་མ་ཞུམ། བློ་མ་ཁུམ་དང་། དཀའ་བ་བརྒྱ་ཕྲག་དང་གདོང་གཏོད་ཐུབ་ན། ང་ཚོ་ལ་ད་དུང་མཛེས་སྡུག་གི་འཚོ་བ་ཡོད། དགའ་སྐྱིད་ཀྱི་མཉམ་འཛོམས་ཡོད། ང་ཚོའི་མདུན་དུ་ད་དུང་འོད་ཟེར་གྱི་ལམ་བུ་ཡོད། ང་ཚོས་སེམས་བསམ་པའི་དར་སྐུད་གཅིག་ཏུ་བསྒྲིལ་ཞིང་མཉམ་ཕན་མཉམ་རོགས་ཀྱི་ལག་ཟུང་དམ་དུ་སྦྲེལ་ན། ང་ཚོ་ནི་ཡ་ང་བྲལ་བའི་རང་བྱུང་གནོད་འཚེ་འདིའི་མདུན་གྱི་ཞུམ་མེད་དཔའ་བོ་ཁྱུ་དཔུང་ཞིག་ཡིན་ཐུབ། སྤུན་ཟླ་ཚོ། སེམས་མ་ཞུམ། ཡིད་མ་ཁུམ། མགོ་བོ་ཡར་ལ་དགྱེ་ཤོག་དང་། ང་ཚོས་མཐུན་སྒྲིལ་གྱི་ལག་གདང་དམ་དུ་སྦྲེལ་ནས་ཁྱིམ་ གཞིས་བསྐྱར་བསྐྲུན་ལ་གཞོལ་འགྲོ། །

ཧོར་མོ་ནས། ༢༠༡༠།༤།༡༧ཉིན།