རང་རིགས་ཀྱི་དྲྭ་ཐོག་རྩོམ་པ་པོ་རྣམས་ཀྱིས་རང་ངོས་ནས་འགོ་བརྩམས་ཏེ་

གཟབ་ཅིང་འབད་དགོས་ས་འགའ།



ཕན་ཤུལ་བས།









རྩོམ་པ་པོ་ནི་རིག་གནས་ཀྱི་ཕྱོགས་ནས་མི་རིགས་ཀྱི་བློ་སྒོ་འབྱེད་མཁན་དང་། ཆབ་སྲིད་ཀྱི་ཐད་ནས་མི་རིགས་ཀྱི་མགྲིན་ཚབ་པ་ཡིན་པས་ཐོག་མར་མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཡོད་དགོས་པ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་དཔྱོད་ཤེས་ཀྱི་བློ་མིག་ཡངས་པོ་ཞིག་ཡོད་དགོས་པ་ནི་སྨོས་མེད་ཡིན་ལ། དེ་དང་ཆབས་ཅིག་མི་རིགས་ཀྱི་ངོ་བོ་མཚོན་པའི་ཕ་ཡིག་གི་ཐོག་ནས་གཞུང་ལུགས་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་སྐད་ཆ་ངོ་མ་ཞིག་ངེས་པར་དུ་ཤོད་ཐུབ་དགོས།







མི་རིགས་ཀྱི་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་མི་འགལ་བའི་ཐོག་ནས་དེང་རབས་རྩོམ་རིག་གི་མཚོན་ཐབས་གསར་པའི་ཐ་སྙད་བཀོལ་སྟངས་ཐད་བྱང་ཆ་ཡོད་དགོས་པ་མ་ཟད། སྙིགས་དོར་བཅུད་ལེན་གྱི་ལྟ་བ་དང་ཕྱི་བཟང་བོད་སྤྱོད་ཀྱི་སྤྱོད་པ་རྣམ་པར་དག་པ་ཞིག་ངེས་པར་དུ་ཡོད་དགོས།







འཇིག་རྟེན་གསར་རྙིང་དང་འཛམ་གླིང་ཤར་ནུབ་ཀུན་གྱི་ཕྱི་ནང་གི་རིག་གནས་ལ་འཇུག་པ་ཡངས་ཤིང་དེ་དག་གི་འགལ་འདུའི་རང་བཞིན་དང་། ཕན་གནོད་རང་བཞིན་ལ་ཡང་དག་པའི་ལྟ་ཚུལ་ཡོད་དགོས་པ་ལས་རང་ཉིད་ཀྱི་དགའ་ཕྱོགས་ཆེ་ཆུང་ཙམ་རྒྱུ་མཚན་དུ་བྱས་ཏེ་ཕྱོགས་རེའི་རང་བཞིན་གྱི་དགག་སྒྲུབ་ཀྱི་ལྟ་ཚུལ་ངན་པ་དག་ངེས་པར་དུ་དོར་དགོས།







མི་རིགས་དང་སྤྱི་ཚོགས་ཀྱི་ཡུན་རིང་རང་བཞིན་དང་བདེ་འཁོད་རང་བཞིན་གྱི་རྩ་བའི་ཐབས་ལམ་སྟོན་པར་འཇོན་ནུས་ལྡན་དགོས་པར་མ་ཟད། འགལ་འདུའི་རང་བཞིན་དང་དབྱེན་དཀྲུགས་རང་བཞིན་ལ་དགག་སྒྲུབ་བྱེད་པའི་སྤོབས་པ་ལྡན་དགོས།







མིའི་རིགས་སྤྱི་དང་བྱེ་བྲག་རང་རིགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ལ་ཤེས་རྟོགས་དང་རྒྱུས་མངའ་ཟབ་མོ་ལྡན་དགོས་པ་མ་ཟད།ལོ་རྒྱུས་ཀྱི་རྨ་ཁའི་རང་བཞིན་དང་ནོར་འཁྲུལ་གྱི་རང་བཞིན། ཕམ་ཉེས་ཀྱི་རང་བཞིན་བཅས་ལ་ངོས་འཛིན་གསལ་པོའི་སྒོ་ནས་དེ་དག་གི་བག་ཆགས་རྙིང་པའི་རིགས་དོང་སྤྲུགས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ལ། ལོ་རྒྱུས་ཀྱི་གསར་གཏོད་ཀྱི་རང་བཞིན་དང་སྙིང་སྟོབས་ཀྱི་རང་བཞིན། གྲུབ་འབྲས་ཀྱི་རང་བཞིན་བཅས་ལ་སློབ་སྦྱོང་གི་འདུ་ཤེས་དང་དྲིལ་བསྒྲགས་ཀྱི་འདུ་ཤེས། དེ་བཞིན་དུ་ལག་ལེན་གྱི་འདུ་ཤེས་བཅས་ངེས་པར་དུ་ལྡན་དགོས།







མི་རིགས་ཀྱི་བླ་སྲོག་སྟེ་སྐད་བརྡ་རིག་པའི་གལ་ཆེའི་རང་བཞིན་དང་ཕན་ནུས་ཀྱི་རང་བཞིན་བཅས་བློ་སྦྱོང་གི་ཡི་དམ་དུ་འཛིན་ནས་བརྡ་སྤྲོད་རིག་པའི་ཆོས་ཉིད་དང་འཚམ་པའི་སྒོ་ནས་དུས་རབས་དང་། སྤྱི་ཚོགས། མི་རིགས་བཅས་ཀྱི་དགོས་མཁོ་སྐོང་ཐུབ་པའི་བརྩམས་ཆོས་གང་མང་མཁོ་འདོན་བྱ་དགོས།







སྤྱི་ཚོགས་དང་མི་རིགས་ལ་གནོད་པའི་ཆགས་སྡང་རང་བཞིན་གྱི་བརྩམས་ཆོས་དང་། དངོས་པོའི་ཆོས་ཉིད་དང་མཐའ་གཅིག་ཏུ་འགལ་ཞིང་ལུང་རིག་གང་གིས་ཀྱང་བསྒྲུབ་ཏུ་མེད་པའི་སེའུ་བཅུ་པའི་ངག་ལྟ་བུའི་བསྟན་བཅོས་སོགས་མདོར་ན་གད་སྙིགས་ཀྱི་བརྩམས་ཆོས་ཞེན་ཡུལ་དང་བཅས་པ་རྩད་ནས་དབྱུངས་བའི་རིགས་ལམ་གྱི་ངར་ཤ་དང་ལྡན་ཞིང་ཐ་སྙད་ཀྱི་རྣོ་ངར་འཛོམས་པ་ཞིག་བྱ་བར་རང་གིས་རང་ལ་བླང་བྱ་ནན་པོ་བཅོལ་དགོས།







རྒྱབ་མདུན་དང་ཕྱི་ནང་ཀུན་གྱི་ཁ་དོག་ལ་བློ་དང་མིག་གིས་དཔྱོད་ཤེས་ཤིང་།འཕྲལ་དང་ཡུན་གྱི་ཁེ་ཕན་ཆེ་ཆུང་གི་རྩ་བའི་ཚད་ཐིག་གི་རྒྱ་མ་སྟེ་རྒྱུ་འབྲས་རྟེན་འབྲེལ་གྱི་ནུས་པ་དང་འབྲེལ་བའི་འཇིག་རྟེན་ཡང་དག་གི་ལྟ་བ་རྣམ་པར་དག་པའི་རྒྱབ་ལྗོངས་ཡོད་པ་དང་། དངོས་པོའི་ཆོས་ཉིད་དམ་སྒྱུ་འབྲས་ཀྱི་རྣམ་གཞག་ལ་དཔྱོད་པའི་དཀྱེལ་ཡངས་ཀྱི་རྣམ་དཔྱོད་མངའ་དགོས།



༢༠༡༠ལོའི་ཟླ་༡༡ཚེས་༢ཉིན།