རྒོད་རྒྱལ་བློ་ཕུན་གྱི་༢༠༡༣ལོའི་ལོ་སྟོད་སྙན་ངག་ཕྱོཊ་སྒྲིག༼ ༡ ༽

ཕྱི་ལ་འཁྱར་བའི་སེམས་པ་བསྐུང་ཡོད། ༼ཞར་བཀོད་བཅུ་གཉིས།

རྒོད་རྒྱལ་བློ་ཕུན། ༼ ལྷོ་ཁ། ༽

ལོ་ཟླ་དུ་རྡུབ་དང་ཆང་འཐུང་གི་བར་ན་གོ་མེད་ཚོར་མེད་དུ་ཤོར་ཏེ།

སྐབས་ཤིག་རང་ཉིད་རྩྭ་ཐང་དང་གྱེས་པའི་རྣམ་རྟོག་བྱུང་ལ།

ཡུན་ཅིག་ང་རང་གངས་རི་དང་བྲལ་བའི་གནོངས་འགྱོད་ཤར།

རྩྭ་ཐང་དང་གངས་རི་མེད་ན་སྙིང་ཁྲག་ལ་འཕར་ཤུགས་ཅི་ཡོད།

ཁྱེད་ཀྱིས་གསུངས་དང་།

མེ་ཏོག་དང་གཡུ་སྦྲང་གི་གྲུབ་པའི་དུས་ཚིགས་ཞིག་ལ།

བུ་མོ་ཆུ་ལེན་མའི་འཛུམ་ཞལ་གྱི་བསླུ་བྲིད་ཅིག་དང་།

དྲན་པ་རབ་རིབ་ཀྱི་བཞེངས་པའི་ལོག་ལྟ་གཉིས་ཀྱིས།

རང་ཉིད་བོར་བའི་གནས་ལུགས་སྐད་ཅིག་མར་བརྗེད་ཐལ།

ང་ལ་ཚོར་བ་ཅི་ཡང་མེད་ཁར།

རྩྭ་ཐང་དང་གངས་རིའི་ཐ་སྙད་ལྟག་རྒྱབ་ནས་བོར།

ཡིན་ནའང་། སེམས་པ་འདི་རུལ་མེད། དུངས་བ་འདི་ལྷོད་མེད།

གདོས་བཅས་ཀྱི་ཕུང་པོ་འདི་སྔར་ལྟར་གཡོ་བཞིན་འགུལ་བཞིན།

སེམས་ཚེགས་ཀྱིས་ནོན་པའི་མིག་ཟུང་ད་རུང་རྡེབ་བཞིན་ཧྲིག་བཞིན།

ང་རང་ལོག་ཡོད། རྩྭ་ཐང་དང་གངས་རི་དྲན་ཀྱིན།

གཡོ་སྒྱུ་དང་ཧམ་ཟོད། ཉེས་འགལ་དང་ཕུང་དཀྲོགས།

ཡོད་ཚད་དུས་ཚིགས་ལྡོག་མེད་གཅིག་གིས་མགོ་བོ་བཅད་པས།

ཁོར་ཡུག་གི་འུར་ཆ་གཏན་ནས་འཇགས། སྲོག་ལྡན་ཀུན་གཉིད་ཟིན།

མཚན་མོ་འདི་ནས།

ངའི་ཕྱི་ལ་འཁྱར་བའི་སེམས་པ་བསྐུང་ཡོད།

ཁྱེད་ཀྱི་པང་ཁ་དྲོན་མོའི་རུམ་ན་བདག་གི་མིང་ཡིག་བཀོད་རོགས།

ཁྱོད་ཀྱིས་མ་དག་མ་རིག་ལ་དགོངས་འཁྲོལ་གནོངས་དང་།

ཅིས་ཀྱང་དགོངས་འཁྲོལ་གནོངས་ལགས།

༢༠༡༣ལོའི་ཟླ་དང་པོར་ས་མཐའ་ནས།

བྲི་མི་རུང་བའི་སྙན་ངག



ངོ་མ་བཤད་ན་བྲི་མི་རུང་བའི་སྙན་ངག་མེད་ལ།

སེམས་ཀྱིས་བྲིས་ན་བྲི་མི་རུང་བའི་སྙན་ངག་མང་ངོ༌།



དགོན་ཁང་གི་རྩིག་ལྡེབས་སུ་ལྷ་ཟེར་བའི་འདམ་གཟུགས་འགའ།

ཉིན་མཚན་དུས་དྲུག་ཏུ་གཡོ་བ་མེད་ཅིང་འགུལ་བ་མེད་ན།

དུས་སྐལ་དང་གླེགས་བམ་གྱི་བར་དུ་གཉིད་ཟིན་པའི་ལྷ་རྣམས།

དད་པ་ཅན་དུ་རློམ་པའི་ཀླད་སྟོང་ཁྲི་དང་འབུམ།

བགྲང་བྱ་ཇི་སྙེད་འདམ་བག་གི་བསླུ་བྲིད་དང་ངན་སྐུལ་ཐེབས་ནས།

གངས་རི་དཀར་པོའི་སྐྲ་ལོ་ག་ཙམ་སེ་ཡོད།

ཐོག་རེགས་མེད་པའི་མུན་ཁུང་དུ་གཡེངས་ནས་ག་ཚོད་སོང༌།

ལྷ་རྣམས་སྐྱག་པ་ཟོས་ཤིག སྐྱག་པ་ཚ་པོ་ཟོས་ཤིག

བདག་ནི་ཡང་ནས་བསྐྱར་དུ་མགོ་སྐོར་བཏང་ཆོག་ཆོག་དང༌།

ཐུབ་ཚོད་བཤད་ཆོག་ཆོག་གི་ཀླད་སྟོང་དེ་ཡེ་ནས་མིན་ནོ།



བསླུ་བྲིད་དང་ངན་སྐུལ་འོག་ན་མགོ་བོ་རྨོངས་པའི་སྲོག་ལྡན་ཀུན་ལ།

ཉིན་མཚན་དབྱེར་དུ་ལྕགས་ཚན་བྲབ་སྟེ་འཇིགས་དངས་སློང་བཞིན།

ཤ་ཁྲག་གི་ཕུང་པོར་རྨ་ཁའི་བྱིན་རླབས་གྲངས་མེད་བསྩོལ་བའི།

ལྷ་རྣམས་དགྲ་སྣེར་ལེན་པའི་དུས་ཀྱི་ཕོ་ཉ་ཉག་ཅིག་ནི།

ངའི་སེམས་དབུས་ཀྱི་བཙན་དང་འདྲེ་དང་བདུད་རྣམས་གྲུབ་པས།

འདྲེ་རྣམས་སྐྱབས་སུ་མཆིའོ།

བཙན་རྣམས་སྐྱབས་སུ་མཆིའོ།

བདུད་རྣམས་སྐྱབས་སུ་མཆིའོ།

ཁྱེད་རྣམས་སྐྱབས་སུ་མཆིའོ།



སྙིགས་མའི་དུས་ཀྱི་དབང་བསྒྱུར་དང་བཀའ་འགོད་པ་ཡིན་པའི།

མཐོན་པའི་ཁྲི་ལ་འཁོད་ནས་ཉི་མར་ལྡེ་བའི་སྒྲ་ངན་འདོན་པ་ནི།

ཁྲག་དམར་གྱི་རས་གཟན་གྱོན་པའི་སྐྲ་མེད་སེམས་མེད་དག་ཡིན་ན།

དམར་སེར་གྱི་སྡིག་བདག་ཚང་མར། སེམས་རུལ་དག་ལ།

ཁྲལ་དང་འུ་ལག་གི་དཔུང་རྐང་རུས་པ་གས་པའི།

ཕ་མེས་ཡང་མེས་ཀྱི་སྡིགས་དམོད་ག་ཙམ་བོར་ཡོད།

བླ་མ་དང་གྲྭ་པ་རྣམས་བཤས་རར་ཁྲིད་ནས་དམར་གསོད་ཐོངས།

བདག་གི་ལག་ཏུ་རལ་གྲི་དང་སྟ་རེ་དང་ཨབ་ཤག་ཐོཊ་ཡོད།

ཤ་ལན་ལོན། སེམས་འཁོན་སེལ། རྨེག་མེད་ཐོངས།



དམོད་དགོས་པ་རྣམས་དམོད་ན།

གསོད་དགོས་པ་རྣམས་བསད་ན།

དུས་འདི་བདེ་བར་རོལ་ཐུབ།

རང་དབང་རང་བདག་གི་མིང་ཡིག་བྲི་ཐུབ།

སེམས་བསམ་པའི་སྙན་ངག་བྲི་ཐུབ།

༢༠༡༣ལོའི་ཟླ་༣ཚེས་༡༡ཉིན་འདྲེ་ཡུལ་ནས།

མཚོ་སྣའི་གངས་ཤུལ།

ཁ་བ་ཉིན་མཚན་བསྟུད་མར་བབས་ནས།

མཚོ་སྣའི་ཡུལ་གྱི་རི་དང་ཀླུང་དང་ལམ་དང་ཆུ་བཅས།

ཨ་མ་རྒན་མོའི་མིག་གིས་བཙུད་ཐབས་བྲལ།

ཁ་བས་མནན་པའི་གྲོང་མཁར་ཞིག་ན།

གླང་གོག་དང་བ་ཕྱུགས་ཚོའི་སྒལ་པར།

གྲང་ངར་གྱི་རྭ་ཅོ་སྐྱེ་བཞིན་འདུག

གལ་སྲིད། ལུས་ཡོངས་སུ་རྭ་ཅོས་ཁེངས་པར་གྱུར་ན།

ཁྱིམ་བདག་རྣམས་ཁང་པའི་ཕྱི་རུ་ཐོན་སྲིད་དམ།

ཨ་མ་རྒན་མོས་མིག་ཤེལ་ནག་པོ་དེ་ཐོགས་སྲིད་དམ།

ཐབ་ཁའི་རྩམ་ཐུག་ཕྱི་རུ་ལུད་དེ་ཚིག་དྲི་འཐུལ་སྲིད་དམ།

2013-2-17

བསམ་ཡས་རྨིས་པ།

ཟླ་བའི་ངོགས་དང་སྒོ་གླེགས་ཀྱི་གླན་བུར།

སྣུམ་ཚོན་གྱི་རི་མོ་དང་ལྡེབས་རིས་འཁོད་ཡོད།

འདྲེ་རྣམས་ཧས་པོ་རི་བསྐོར་ཅིང་ཆང་ལ་རོལ།

ལྷ་རྣམས་སྲུང་མའི་བཀའ་རྒྱ་ལྟར།

མདེའུ་དཀར་ནག་སྤུངས་པའི་ས་སྤུར་དེའི་གམ་དུ།

ཟླ་བ་ལྷ་མོའི་མཛེས་མཚར་ལ་སྒུག་ནས་སྒུག

ཁྱི་གུ་དེས་སླར་ཡང་སྲང་ལམ་དུ་ཅི་ཞིག་འཚོལ་བཞིན།

ཡར་རྒྱུག་མར་རྒྱུག་བྱེད་པའི་ཚུལ་ནི།

ལྷིང་འཇགས་དང་ལྷིང་འཇགས་མ་ཡིན་པའི།

ཧས་པོ་རིར་མཇུག་མས་གྱེས་བྲལ་ཞུས་པ་དང་ཨ་འདྲ་མ་འདྲར་སྣང༌། 2013-1-17

ཡུལ་ལྗོངས།

བྱེའུ་ཆུང་ཞིག་ཆང་ཁང་གི་རྩེ་ཐོག་ཏུ་བབ་ནས་འཕུར།

ཆང་སྟེགས་ཀྱི་སྦྲང་མ་སྔ་ས་ནས་རྩིག་ཁུག་དེ་རུ་འཇབ་ཡོད།

རྣམ་ཤེས་ར་རོ་དག་ཕར་འཁྱོར་ཚུར་འཁྱོག་ཏུ་ཧད་དེ།

སྣང་བའི་ཞིང་ཁམས་མོག་པར་བཏང༌།

དེ་ལྟར་ནའང༌།

མིག་ཟུང་རེ་གཉིས་ད་རུང་ཕྱི་ལ་ཤོར་བས།

རྩིག་ལྡེབས་ཀྱི་རི་མོ་དེའི་གསང་བ་ཇི་ལྟར་སྲུང༌།

ངོ་མ་བཤད་ན།

རི་མོ་དེར་གསང་བ་གང་ཡང་མེད།

འགུལ་བཞིན་པ་མཐོང་ན་དེ་ནི་འགུལ་བའི་རང་བཞིན་ཡིན།

དཔེར་བླངས་ན་བྱེའུ་ཆུང་ཞིག་སྒེའུ་ཁུང་གམ་དུ་སླར་ལོག་པའམ།

པིར་བྲིས་པས་སྒྱུ་རྩལ་གྱི་བསླུ་བྲིད་བཏང་བ་འདྲ། 2013-1-11

ཞོགས་པ་ཞིག་ཉི་མ་ནུབ་རྗེས།

ཉི་མ་གང་དུ་སོང་མིན་སུའང་བཤད་རྒྱུ་མིན་འདུག

ནག་ཁུང་ཀློང་ནས་ཧ་དང་ཧུ་དང་ངུ་དང་ཀི་བཅས་སྣ་ཚོགས་ཀྱི།

སྐད་སྒྲ་ཐོས་པ་ནི་འཇིགས་ཡེར་བའི་རི་དྭགས་ཁྱུ་ཅིག

རྩྭ་ཐང་དང་གྱེས་པའམ། གཡང་རོང་དུ་རང་ཉིད་ལྕེབས་པ་འདྲ།

ཁང་པ་འདི་མེ་སོན་དང་མཚུངས།

ཉི་མ་གང་དུ་སོང་ངམ།

གླེགས་བམ་དུ་འཁོད་པའི་སྒྲ་སྣ་ཚོགས་བྱིན་པའི།

སྒྲ་བྱིན་དག སྐྱབས་མགོན་དག་གང་དུ་བུད་སོང༌།

2013-2-5

རུས་པ།

ཁང་པ་རྙིང་བ་ཞིག་གི

རྩིག་པའི་ལྡེབས་སུ་རུས་པ་ཕྲེང་བསྟར་བཀེལ་འདུག

དེས་ཁྱོད་རང་ལ་གཤིན་རྗེ་དྲན་དུ་ཆུག

ལག་པ་ཆེན་པོ་ཞིག་གི་ནང་དུ།

རུས་པ་བརྡུངས་ནས་ཕྱེ་མར་བཏང་འདུག

དེས་རང་གི་སྙིང་གི་རུས་པ་གས་ཏེ་ཆག་རོར་འགྱུར།

2013-2-17

བཙན་པོའི་སྔས་མགོ་བརླག་པ།

མགྲོན་དུ་ཐོན་པའི་དུས་འདི།

ཐ་སྙད་སྟོང་བས་ཟིན་པའི་སོས་ཀར།

རྫ་མ་ནང་གི་ཆང་དང་ཨ་རག་གི་རྨི་ལམ་སྦྲུམ་ཟེར།

ཟིལ་པའི་སྟེང་གི་སྐྲ་ལོ་གཞུང་ལམ་དབར་གྱི་སྡོང་གཟུགས་ལྟ་བུར།

རླངས་འཁོར་དང་འགྲོ་འོང་གི་རྟ་བོང་ཚོའི་རྨིག་འོག་ནས།

སུ་ལའང་ཁ་ཡ་བྱེད་ལོང་མེད།

སུ་ལའང་ལག་གཡུག་བྱེད་ལོང་མེད།

རྨི་ལམ་དུ་འོད་ཐིགས་ཀྱི་མཐའ་ནས་བསྐྱངས་པའི།

རྒྱང་རིང་གི་མི་དང་རོ་དང་རྣམ་ཤེས་དང་ཁྱི་གུ་སོགས།

གྲོག་ཚང་བརྡོལ་བ་ཇི་བཞིན་བྲེལ་སྟབས་ཀྱི་བཀོལ་ཅིང་།

ནད་རོ་དག་སྨན་ཁང་དུ་སྐད་ངན་འདོན་པ་ནི།

མདང་གི་རྨི་ལམ་དང་སང་གི་སྔས་མགོ་ཡིན།

༢༠༡༣ལོའི་ཟླ་༣ཚེས་པར་འཕྱོངས་རྒྱས་བཙན་པོའི་བང་སོ་ཟེར་བའི་རི་བོ་སྐེད་ཉག་ནས་བྲིས།

མཆུ།

རླུང་བུར་འབོད་པ་ཞིག་བཏང་ན།

གཤོག་པ་དང་འདྲ་བའི་ཤོག་ལྷེ་ཆུང་ཆུང་ཞིག་གམ།

མཆུ་ཏོ་དང་མཚུངས་པའི་ཡི་གེ་ནག་ནོག་རེ་གཉིས།

ཡར་ཀླུང་གཙང་འགྲམ་དུ་ཕར་རྒྱུག་ཚུར་གཡེང་བྱེད་པའི་ཚུལ་གྱིས།

ཆུ་རྡོག་རེ་གཉིས་ཆར་དུ་བྱེད།

རེད་ཨང་།

གནམ་ཡིག་བྲིས་པའི་ཤོག་ལྷེ་དཀར་བྲིས་དག

རླུང་གིས་དེད་པའམ།

ལག་པས་རྐུབ་ཕྱིས་པ་རེད།

ལོ་མ་ཆུང་ཆུང་ཞིག་རྩྭ་གསེང་དུ་གབ་སྡོད་བྱེད་ཞོར།

ཆུ་ཁ་མའི་བུ་མོ་ལུས་འཁྲུ་མ་དེའི་ལྡེམ་གཟུགས་ལ་རོལ་ཅིང་།

ལག་པས་སྐབས་སྐབས་སུ་སེམས་ཟེར་བའི་གནས་ས་དེར།

འཕུར་བརྡར་བྱེད་པའང་མཐོང་།

༢༠༡༣ལོའི་ཟླ་༣པར་ཡར་ཀླུང་རྩེད་ཐང་དུ་བྲིས།

བར་ཐག་གསལ་འགྲེལ།

ཤེལ་གཟུགས་ནང་མཐོང་བའི་རང་ཉིད།

འཁུར་པོས་ནོན་པའི་རྒྱང་བཞུད་པ་ཞིག་ཏུ་འཁྲུལ་ཏེ།

བོར་བརླག་དང་བྱུང་སོང་གི་དངུལ་བུན་གཞལ་དགོས་བྱུང་།

རྩིས་ཁྲའི་ནང་ཨང་ཀི་མང་པོ་ཁྲ་ཆི་ལེར་གང་བ་བཞིན།

རང་ཉིད་དང་འབྲེལ་བ་ཟབ་པའི་འདས་སོང་གི་ལོ་ཟླ་འདི་དག་

ཁ་པར་ནང་བསྐུར་བའི་འཕྲིན་ཐུང་གཅིག་གིས་གསལ་བོར་བཤད།

2013-3-29 ཉིན་ཡར་ཀླུང་ནས།

ཤེལ་བུམ་གྱི་འཕྲུལ་ཤེས།

གཟའ་ཉི་མའི་ཞོགས་ཀར།

ཁ་པར་ལ་གློག་རྫས་མེད་པས།

ཁོར་ར་ཁོར་ཡུག་ཅི་འདྲའི་འཇམ་ཞིང་དབེན།

ཕྱི་རོལ་གྱི་སྒྲ་དང་ནང་ཁོངས་ཀྱི་སེམས་ཁ།

ཤེལ་བུམ་གྱི་ནང་དུ་འཁྲུངས་པའི་འདབ་མ་ཟུང་དུ་གྲུབ།

ཡ་མཚན་གྱི་སྣང་བ་ཞིག་ལ།

ཤེལ་བུམ་ཐང་ལ་བརྡབ་པའི་དངངས་པ་སྟེར་ཞིང་།

སིག་སྒྲ་དང་ཐག་སྒྲ་གང་ཡང་མེད་པར།

འགུལ་བསྐྱོད་བྱེད་པའམ།

ལིང་ལིང་གི་གར་སྟབས་འཁྲུག་པའི་རྣམ་རྟོག་འཆར།

༼ པང་གཅལ་འོག་གི་མི་ཆུང་ ༽ཅེས་པའི་དཔེ་ཆ་བམ་ཆུང་ཅིག

རང་ཉིད་ཀྱི་ལག་ཏུ་དམ་པོར་བཙིར་ནས་འདུག

2013-3-3 ཉིན་གཟིམ་ཁང་ནས།

ཁ་བ། ཁ་བ། ད་དུང་ཁ་བ།

ཁ་བའི་དུས་སུ་སྒེའུ་ཁུང་ཕྱི་རོལ་དུ་ཡུལ་ལྗོངས་ཤིག་བཞེངས་ཟིན།

ཁ་བ་མར་མར་འབབ་དུས་གསང་བའི་གཏམ་རྒྱུད་བཀླགས་ནས་མི་ཚར།

ཁ་བ། ཁ་བ། ད་དུང་ཁ་བ།

ཟླ་འཁོར་འདི་རྫོགས་ལ་ཉེ་ཡང་།

རྫི་མོ་གཡུ་ལོ་རྩྭ་ཐང་གི་ཕང་ནས་ཐོན་ལ་རན་ཡང་།

ཁོར་ཡུག་འདིའི་ལྷིང་འཇགས་དང་གླུ་སྐད་ཡོད་ཚད།

མེ་ཏོག་ལྟར་བཞད་པའི་ཁ་བ་ཉིད་ཀྱིས་མར་མནན།

སྒོ་འགྲམ་ནས་རྒྱང་རིང་རྒྱང་རིང་གི་ཕྱོགས་སུ་རྣ་བ་གླགས་དུས།

ཁྱི་གུ་ལྡོམ་པོ་ཞིག་གིས་རྨུག་སྐད་ལན་མང་འདོན་སོང་།

ད་དུང་ཁ་བ་བབས་པས།

མིག་གི་མཐོང་ལམ་དར་དཀར་གྱིས་བྱས་ཤིང་།

སེམས་ཀྱི་ཚོར་བ་བུ་ཡུག་གིས་བྲན།

ལུས་ཀྱི་ཁྲག་རྒྱུན་འཁྱགས་པར་བསྡམ།

ད་དུང་ཁ་བ་བབས་པས།

སྐྱ་ལམ་གྱི་ཤུལ་དུ་ལུས་པའི་རྐང་རྗེས་ཁྱར་ཁྱོར།

ཤར་ལྷོ་ནུབ་བྱང་གང་དུ་འཐེན་ནམ།

ཁྱི་གུ་དེ་ཕྱིར་ལོག་ཨེ་སྲིད།

2013-3-25 ཉིན་དོན་གཅོད་ཁང་དུ།

སྟོང་པའི་ལེའུ།

༼ ཁང་པ་སྟོང་པ། ༽

སྒེའུ་ཁུང་མེད་པའི་ཁང་པ་འདི།

ཕྱི་ནས་སྟོང་པའི་ངེས་པ་རྙེད་ཅིང་།

ནང་ནས་སྟོང་པའི་རྣམ་ཤེས་རིག་ཐུབ།

༼ སེམས་སྟོང་པ། ༽

ཤེལ་བུམ་གྱི་གཟུགས་སུ་བྱས་པའི།

སྣང་སྟོང་གི་རིགས་སུ་ཐེ་བའི།

ཁམས་སྟོང་པ་འདི་སེམས་སྟོང་པ་ཨེ་ཡིན།

༼ ལྷ་ཁང་སྟོང་པ། ༽

ལྷ་གནས་རྩ་གཉིས་མི་ཆགས་ན།

འདྲེ་སྲིན་དགུ་ཤོར་མ་འཁོར་ན།

དོན་དུ། ལྷ་ཁང་འདི་སྟོང་པ་མིན།

ཞོར་དུ། དགོན་པ་འདི་སྟོང་པ་རེད།

༼ ཆང་ཕོར་སྟོང་པ། ༽

དག་འཁྲུད་བྱས་པའི་ཚོར་བ་ཞིག་ལས།

སེམས་ཀྱི་ཉེ་སར་འོ་ཞིག་བྱས་པར།

ཆང་དེ་བཏུང་བ་སུ་ལའང་དྲན་པ་མེད།

2013-2-18 ཉིན་རི་བོ་ཤར་རི་དམ་ཆེན་རྩེ་ནས།