རྟ་བཤད་རྨིག་བཞི་རླུང་འགྲོས།







རྟ་རབ་ཅིག་གི་མགོ་བོ་ལ། །སྲོག་ཆགས་བདུན་གྱི་མགོ་བོ་ཚང་། །

ཡ་མགལ་པོ་ཏི་བརྩིགས་འདྲ་ལ། །མ་མགལ་ལོགས་ནས་བཏེགས་འདྲ་དགོས། །

སྦལ་བ་རྒྱ་བོའི་མིག་སྒམ་ལ། །ཨ་བྲ་སྐྱ་མོའི་མིག་འབྲས་དགོས། །

རྣ་རྩེ་བདུད་ཀྱི་སོ་བ་ལ། །སྣ་ཁུང་ཇག་པ་སྐུང་ས་དགོས། །སོག་པ་མཛོ་རྒན་ཤ་ཤོར་ལ། །དཔུང་བ་ལུག་ཐོང་བཀྱིག་འདྲ་དགོས། །ལག་ངར་སྤྱང་མོ་འདུར་ཤེས་ལ། །སྐེ་ཞེང་བེར་གྱི་ཕུ་རུང་དགོས། །འབྲོང་རིས་ད་ཆེན་སྟེང་མ་ལ། །ཚོང་བ་ཚིགས་མལ་བྱེད་ས་དགོས། །མགོ་སྤྱི་གཙུག་རུས་པའི་མཆོད་རྟེན་ལ། །ཤ་འབྲུ་རྡོག་ཙམ་ཞིག་མེད་ན་བཟང་། །

ཐོད་པའི་མེ་ལོང་སྟེང་མ་ལ། །ནས་བྲེ་གང་ཉི་མར་སྐམ་ས་དགོས། །སྟོད་ལྷུ་བཞིའི་འཐེན་ཐག་ཟེ་ན་ཡོད། །ཟེ་ལབ་ཙེ་བཞིན་དུ་མཐོ་ན་བཟང་། །སྨད་ལྷུ་བཞིའི་འཐེན་ཐག་ཉྭ་ན་ཡོད། །ཉྭ་རྒྱ་ཟོར་ཙམ་ཞིག་གུག་ན་བཟང་། །སྔོན་ནས་བལྟས་ན་ཧད་སེ་ཡོད། །ཤ་ཡུ་མོས་ཁྱི་སྐད་ཉན་པ་འདྲ། །ཟུར་ནས་བལྟས་ན་མེར་སེ་ཡོད། །འབྲོང་བྲེ་སེར་རྫ་ནས་འགྱིང་བ་འདྲ། །རྒྱབ་ནས་བལྟས་ན་སྒུར་སེ་ཡོད། །མགོ་སྒུར་ཏེ་རྒུམ་འབུ་འཐུ་བ་འདྲ། །ལག་རྨིག་པ་ཕུ་ནུ་ནང་འཁོར་དེ། །རི་ཆེན་པོའི་ངོས་ལ་འགོས་ན་བཟང་། །རྐང་རྨིག་པ་རྒྱ་ཟངས་ཁ་བསྒོར་དེ། །ཐང་ཆེན་པོའི་དཀྱིལ་ནས་རྒྱུག་ན་བཟང་། །

ཐོང་ཞེང་ཐང་དཀར་གཤོག་རྒྱང་དེ། །རྒྱུག་ཡ་ནམ་མཁའི་བྱ་ལས་མེད། །

སྒུར་རུ་རྒོད་པོའི་ཐེར་ཞེང་ཆེ། །སྲིབ་ནས་ཡུ་མོར་འགྲན་ལོ་བྱེད། །མགོ་བོ་རིལ་ལ་དྲུག་ཤ་སྒུར། །འདོ་བ་གཡག་སུག་ཐེའུ་མགོ་ལ། །ལག་ཏུ་འབྲེང་བ་བཞི་སྐྱ་བཟུང་། །དེ་ལ་བྲབས་དང་མ་བྲབས་མེད། །རྐྱང་རིགས་ཨ་བྲ་སྲེ་མོང་མགོ། །སྔ་དྲོ་ཁོ་འགྲོ་ཁོ་འགྲོ་ཟེར། །

ཕྱི་དྲོ་ཁོ་འདུག་ཁོ་འདུག་ཟེར། །བེར་ནག་ཤ་ཁ་ཐུར་ལུག་དེ། །

སྟག་ཤར་གཡུལ་ལ་འགྲོ་དུས་བཟང་། །བེར་དཀར་ལུ་གུའི་གྲོད་པུ་དེ། །

བུ་དཔའ་བོའི་དཔུང་བ་གཤིབ་ཉིན་བཟང་། །ཐོད་གཙུག་ནོར་བུ་པང་ལེབ་དེ། །

དཔའ་བོ་བཟང་བོའི་བཅིབས་པ་རེད། །སྐེ་རྔོག་གཙུག་ཉི་ཟྙ་ཁ་སྤྲོད་དེ། །

བླ་མ་བཟང་བོའི་བཅིབས་པ་རེད། །ལུང་གཙུག་ཏ་ལེན་མགོ་བསྡུ་དེ། །

བག་མ་བཟང་བོའི་ཞོན་པ་རེད། །མཆན་རྩིབ་ཤ་བ་མདའ་འཁུར་དེ། །

རྔོན་པ་བཟང་བའོ་བཅིབས་པ་རེད། །མདོར་བསྡུས་ན་རྟ་རབ་ཅིག་ལ་འཛོམས་དགོས་པ་ནི། གཉིས་རིང་གཅིག་ཐུང་། བཞི་ཕྲ་གཟུགས་ཆེ་ཟེར། རྣ་རྩེ་གཉིས་རིང་དགོས། སྐེ་ཐུང་དགོས། རྐང་ལག་བཞི་ཕྲ་དགོས། ལུས་བོངས་ཆེ་དགོས།

ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། སྟོན་བཤད་སྐྱིད་གཡང་དགའ་འཁྱིལ་ལས་བཤུས།