རྟ་མཆོག་རྒོད་པོ།

སོག་མདའ།

མེ་ཏོག་ཐང་གི་སྐྱེད་ཚལ་ཁྲོད་ན་མཆོངས་ལྡིང་བྱེད་པའི་རྟ་ཕོ་ཡ། །སུག་བཞིའི་རླུང་གི་རྩི་ཤིང་འཐོར་བཞིན་རྣ་བ་སྒྲེང་ནས་གང་ལ་བྲེལ། །ཐུལ་དཀར་འབྲི་མོའི་རྭ་རྩེ་རྣོ་པོ་ཁྱེད་ལ་འཇིགས་རུང་བསྟན་པའམ། །འཇམ་པོ་གཡང་དཀར་ཚེར་མོ་ལུག་གི་མི་འདོད་འབའ་སྒྲ་སྒྲོགས་སམ་ཅི། །ཡང་ན་དེང་རབས་འཕྲུལ་ཀྱི་གློག་གིས་ཉིད་ལ་སྐྲག་སྣང་བྱིན་པའམ།ཡང་ན་འཕྲུལ་རྟའི་སྒྲ་ཡི་གཞོབ་དྲིས་ཉིད་ལ་སུན་འཚེ་བཟོས་སམ་ཅི། །ཡང་ན་མཛེས་པའི་ས་གཞི་བསྔོགས་ནས་ཉིད་ཀྱི་ཕ་ས་འཕྲོག་པའམ། །མ་གསང་ཚིག་གི་མདུན་རྒྱ་གྲོལ་དང་གཤོག་མེད་རྟ་མཆོག་རྒོད་པོ་ཡ། །སྔོན་གྱི་བཙན་པོའི་ཕ་ས་བསྲུང་ཉིན་ཁྱེད་ནི་བཙན་གྱི་ཆིབས་པ་ཡིན།སུམ་གཉིས་ས་འཛིན་དབང་དུ་བསྡུ་ཉིན་ཁྱེད་ནི་བཙན་གྱི་དཔུང་རོགས་ཡིན།སྐྱེས་ཆེན་ནོར་བུ་གླིང་ནས་སྐྱེས་ཉིན་ཁྱེད་ནི་ལྷ་རྟ་རྐྱང་རྒོད་ཡིན།འདས་མ་ད་ཡི་ལོ་རྒྱུས་ཁྲོད་ནས་འཚེར་སྐད་མ་ཡལ་རྟ་མཆོག་ཡ། །གངས་རིའི་ཟླ་བ་མཁའ་ནས་མ་གསལ་ད་དུང་སྤྲིན་གྱིས་སྒྲིབ་ནས་གདའ། །གསེར་གྱི་ཉི་མ་ཤར་ནས་མ་འཕྲོས་ད་དུང་སྐྱ་རེངས་མག་མོག་ཙམ། །ཉི་ཟླ་སྐར་གསུམ་གནས་འདིར་མ་ཤར་ད་དུང་ལོ་ཟླ་འགོར་ནས་འདུག། །ཡངས་བའི་ཁྱོན་གྱི་གནས་འདིར་མ་བྲལ་བདག་གི་རྟ་མཆོག་རྒོད་པོ་ཡ། །སྟོད་ཀྱི་གངས་དཀར་ཤེལ་ཀྱི་རི་བོར་ཁྱེད་ཀྱིས་བཞག་པའི་ཞབས་རྗེས་ཡོད། །བར་གྱི་རྫ་རི་ནགས་ཀློང་ཕྱུགས་མོར་ཁྱེད་ཀྱིས་ཕབ་པའི་ལམ་རྗེས་གསལ། །སྨད་ཀྱི་སྤང་ཐང་ཡངས་བའི་ཁྱོན་ལ་ཁྱེད་ཀྱིས་སྦར་བའི་རྨིག་རྗེས་ཁེངས། །ཕ་ས་གངས་རིའི་ཡུལ་འདི་མ་དོར་གཤོག་ལྡན་རྟ་མཆོག་རྒོད་པོ་ཡ། །སྦྲ་ནག་གྲུ་བཞིའི་གོ་ཁའི་མཐའ་ན་རྒས་པའི་རྒད་པོ་ཁྱེད་ལ་དུང་། །སྐྲ་ལོ་གཟེངས་ཞིང་གྲི་ཆུང་བཏགས་པའི་སྟག་ཤར་བུ་ལ་ཁྱེད་རང་མཁོ། །དམར་སྨུག་གདོང་ལ་འཛུམ་གྱིས་ཕྱུག་པའི་སྨན་ཤར་བུ་མོ་ཁྱེད་ལ་དགའ། །རྩྭ་ཐང་མཛེས་བའི་ཡུལ་འདིར་མ་བྲལ་གཡང་གི་རྟ་མཆོག་རྒོད་པོ་ཡ། །དཔྱིད་ཀྱི་མེ་ལོང་འོད་ཀྱིས་བཅག་དེ་ལྷན་འཛོམས་མེ་ཏོག་ནེའུ་གསིང་གཞིར། །སེང་གེས་བཏེགས་པའི་ནོར་བུ་འོད་འབར་ནམ་མཁའི་དབྱིངས་སུ་སྒྲེང་བ་ན།རང་དབང་ཞི་བདེའི་བག་ཡངས་ཉིན་མོ་མི་ཡུལ་འཕྲོས་བའི་སྐལ་བཟང་ལ། །རྨིག་ལྡན་ཁྱུ་མཚོག་གཤོག་མེད་རྒོད་པོ་གང་འདོད་རྒྱུགས་ཤིག་རྟ་མཆོག་ཡ། ། ༢༠༡༣་༡༢་༣༡་ཉིན་རང་ཤག་ནས་བྲིས།