རྩྭ་ད་བྱིད་ཀྱི་དམག་འཁྲུག

གངས་མྱུག

ཁ་འགེབས་དང་མིག་ཤེལ ཞྭ་མོ་དང་མགོ་དཀྲིས་ཀྱིས

ད་དུང་ལག་ན་མཚོན་ཆ་སྣ་རེ་ཐོགས་ཏེ

དམག་རྒྱག་ཞིག་གི་སྟ་གོན་འདྲ

རྒན་པ་ནས་གཞོན་པའི་བར་དང ཕོ་སྐྱེས་ནས་ཆུང་མའི་བར

ད་དུང་གྲྭ་པ་ནས་བཙུན་མའི་བར དབུ་ཁྲིད་ནས་སློབ་ཕྲུག་བར

བརྒྱད་བཅུའི་བཅོས་པ་མན་ཆོད ན་ཆུང་སོ་གསར་ཡན་ཆོད

ཞྭ་ལོང་ལྐུག་གསུམ་མིན་ན གཟའ་སྨྱོ་ནད་པ་མ་གཏོགས

འུར་ཆི་ལེར་དམག་ལ་ཐོན་པ་བཞིན

ལམ་མདོ་དང་ཟམ་མགོ་ནས་སྲུང་དམག་དང རི་རྩེ་དང་ལ་མགོ་ནས་སོ་པས་གང་སར་སྒུག་པར་བལྟས་ན་ངོ་མ་དམག་རྒྱག་གི་གྲ་སྒྲིག་ཅིག་ཡིན་པ་འདྲ

དགུན་གསུམ་འཁྱག་རླུང་དང་བུ་ཡུག་གི་གྲང་རེག་སྒོམ་བཞིན་ས་འོག་ཏུ་ཡིབ་ཅིང

དཔྱིད་གསུམ་མྱུ་གུ་དང་ལྷན་དུ་ས་ཁར་བུད་ན

ཡ་ང་བའི་རྩྭ་ད་ བྱིད

ཁྱེད་ལ་ཅི་འདྲའི་འཚེ་བ་དང་དགྲ་བོ་མང་པོ་ཞིག

ཁྱོད་ཀྱི་ཆེད་དུ་ཕྱོགས་བཞི་ནས་འུར་ལངས་ཏེ

མིག་ཟུང་རིག་རིག་གིས་འགྲམ་ཆུ་འཛར་འཛར་གྱིས་འཚང་ག་རྒྱག་གིན་ཟེར

ཁྱོད་ཀྱི་དོན་དུ་ཨ་ཕས་མནའ་མ་བླངས་མྱོང་ལ་ཨ་མས་མག་པ་འཇོག་མྱོང་

ཁྱོད་ཀྱི་ཕྱིར་དུ་ཨ་བུ་དགྲ་རུ་ལངས་ མྱོང་ལ་མ་སྨད་འཐབ་འཛིང་བགོས་མྱོང

ཁྱོད་ཀྱི་དོན་དུ་ཁྲི་ཐོག་བླ་མས་དམིགས་རིམ་མཛད་ཀྱིན་ཡོད་ལ་ལུང་ཁུག་དགོན་པས་གསོལ་ཁ་སྒྲུབ་ཀྱིན་ཡོད

དུས་དེང་སང་ཁྱོད་ཀྱི་དོན་དུ་སྐྱབས་རྟེན་འབུལ་བཞིན་ཡོད་ལ་ཁྱོད་ཀྱི་དོན་དུ་རིམ་གྲོ་འདོན་གིན་ཡོད

ཁྱོད་ནི་ཡ་ང་བ་ཞིག་ལ ཕ་ས་སྣུམ་པོ་ཆུ་སྐྱེས་དཀར་དམར་བཞད་པའི་གུར་ཁང་དུ་སྡོད་དུ་མ་འཇུག་པར

རེ་རེ་བཞིན་འཛིན་བཟུང་བྱས་ཏེ་འཕྲུལ་རྟ་ནས་རླངས་འཁོར་དང

མེ་འཁོར་ནས་གནམ་གྲུར་དབོར་ཏེ

ཕྱི་གླིང་ག་གེ་མོ་དག་གིས་ཟ་འདོད་ཀྱི་ཨོག་ཆུ་འཁོལ་བཞིན

བལྟ་འདོད་ཀྱི་རྒྱང་ཤེལ་གཙུགས་ཏེ་སྒུག་འདུག་ཟེར

དེ་ལྟ་མོད ཤར་ནུབ་མེད་པར་ཁྱོད་ལ་ཆགས་ཤིང་ཁྱོད་ལ་སྡོང

ཕྱི་ནང་མེད་པར་ཁྱེད་རང་བཙལ་ཞིང་ཁྱེད་རང་སྒུག

ཁྱེད་ཀྱི་དོན་དུ་དབུ་ཁྲིད་ཀྱིས་སྟེགས་བུ་སྟོངས་པར་གཡུག་བྱུང་ལ

སློབ་ཕྲུག་གིས་སྒོ་ཐེམ་སྔར་ནས་འཐེན་བྱུང

ཁྱོད་ཀྱི་དོན་དུ་བླ་མས་གདམ་ངག་ལྷུག་ལྷུག་འཆད་ མྱོང་ལ་དཔོན་པོས་ལྟག་སྒོ་ཁྲོག་ཁྲོག་དབྱེ་ མྱོང

ཁྱོད་ཀྱི་དོན་དུ་སྨན་ཁང་ནས་ནད་པ་སྐྱོབས་ མྱོང་ལ་ཁྲིམས་འོག་ནས་ཉེས་ཅན་པ་ཤོར་ མྱོང

ཁྱོད་ཀྱི་དོན་དུ་ཁྲིམས་ལུགས་ཡོ་མྱོང་ལ་ཆོས་ལུགས་འགྱེལ་མྱོང

ཁྱོད་ཡོད་པའི་ཉིན་མོ་དེ་ནས་རབ་འབྱམས་པའི་ཞྭ་མོ་དཀའ་མོ་མེད་ཟེར

ཁྱོད་ཡོད་པའི་ཉི་མོ་དེ་ནས་ཁྲིམས་ལུགས་པའི་ཐེལ་ཙེ་སླ་མོར་གྱུར་ཟེར

ཁྱོད་ཡོད་ན་བརྒྱད་ཅུའི་རྒན་པོར་མནའ་མ་འཇོག་ཆོག་ལ་དྲུག་ཅུའི་རྒན་མོར་ཡང་མག་པ་བསུ་ཆོག་ཟེར

དོན་ངོ་མ་ཁྱོད་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་ནམ་འཁྲུགས་རྩོད་ཀྱི་རྩ་བ་ཡིན་པ་སུས་ཤེས