ལོ་སར་ནས་ཡི་ག་མེད་ཀི་མོ། །

ཀྱེ་མ་ཧོ། །

འདས་ཟིན་ཟུངས་ཁྲག་ཟད་པའི་ལོ་ཟླའི་ཁྲོད།

ས་ཆུ་མེ་རླུང་འཇིག་པའི་གྲུ་ཁ་ནས། །

ཕུ་ནུ་སྤུན་ཟླ་བྲལ་བའི་ཁུར་ཁང་དུ། །

ལོ་སར་མི་འདོད་སྨྱུང་གནས་བསྡད་ན་བསམ། །

ཡུལ་ཤུལ་རྟེན་འབྲེལ་ངན་པའི་ས་ཡོམ་གཅིག །

འབྲུག་ལྗོངས་ཆུ་ལོག་ཐན་ལྟས་རི་ཉིལ་གཉིས། །

སྣོད་བཅུད་གྱོང་རྒུད་ཐེབས་པའི་སྡུག་བསྔལ་གསུམ། །

ཡང་ཡང་བསམ་ཚེ་ལོ་སར་སྣང་མེད་རེད། །

རྒྱལ་སྤྱི་ཟེར་ནས་རྒྱང་འཕེན་ཇེ་མང་རེད། །

མཁན་སྤྲུལ་ཟེར་ནས་ཚོང་པ་ཇེ་མང་རེད། །

སྙན་ངག་ཟེར་ནས་དཔེར་བརྗོད་ཇེ་མང་རེད། །

བྱིས་པ་འདི་ཚོ་མཐོང་ན་ཞེ་རེ་ཁྲེལ། །

འདོད་ཡོན་རྣམ་ལྔའི་མཆོད་སྤྲིན་ཡིད་ལས་སྤྲུལ། །

ལོ་སར་ཚོགས་འདུའི་གླུ་བྲོ་མཐོང་ཐོས་དག །

དུར་ཁང་ཉུལ་བའི་སྐྱེ་འགྲོ་ཕོ་མོ་ལ། །

བསྔོའོ་ཤི་གསོན་ལན་ཆགས་སོད་གྱུར་ཅིག །

མི་འདོད་འཆི་ནད་མནར་བའི་ནད་པ་བཞིན། །

བཞིན་ལ་འཛུམ་མདངས་བསྟན་ཀྱང་རྫུན་མ་ཡིན། །

དོན་ལ་སྣོད་བཅུད་ཉམས་པའི་ལོ་ནག་ལ། །

ལོ་སར་མི་སྤྲོ་སྡུག་འབོད་རྒྱག་ན་བསམ། །

རབ་རྒྱན་ལྕགས་ཡོས་བློ་ལྡན་བཟང་ན་ཡང་། །

མཐོ་སྒང་གངས་ཐན་འབྱུང་བའི་རྨི་ལམ་དང་། །

དམག་འཁྲུག་ནད་ཡམས་རྡོལ་བའི་ཚོར་བ་འདིས། །

མི་འདོད་སྙིང་གི་ན་ཚ་ལྷག་པར་འཕེལ། །

རེ་བའི་ཉི་མ་དགུང་གི་ལ་ཁར་ཉེ། །

སྐྱིད་པའི་སྣང་བ་གྲིབ་སོའི་འོག་ཏུ་ཚུད། །

འོད་སྣང་ཞན་པའི་ཁྲག་དམར་གཡུལ་ས་རུ། །

གཡོ་སྒྱུས་གཞན་དབང་སོང་ལ་ཡིད་རེ་ཕངས། །

ཕམ་ཁ་ལས་བྱུང་སྡུག་གཏམ་ཉམ་ཐག་སྒྲ །

དབྱངས་ཅན་དགྱེས་པའི་དཔྱིད་དུ་མ་མཆིས་ཀྱང་། །

ཕྱི་ནང་སྟོང་འུར་རོལ་བའི་ཕྱི་གླིང་ནས། །

རང་ཡུལ་དྲན་པའི་སྡུག་གི་མཆི་མ་བཀུ །

ཐོལ་བྱུང་ཀློང་རྡོལ་གདམ་ཀ་སྤོང་བ་ཡི། །

སྙན་ངག་རྩོམ་པའི་ཡོན་ཏན་མི་ལྡན་ཀྱང་། །

སྐྱིད་སྡུག་བཤད་སའི་ཚངས་དབྱངས་དྲ་བ་རུ། །

ཤྲྰི་སྨྱོན་གང་ཤར་ངག་རིག་འདོད་པར་འཇོ། །