ལྷ་ས་འགྲོ་མྱོང་མེད་ན་ངས་གང་བཤད་རེད། དགོད་གཏམ།

སྔར་ཨ་པོ་ཧོར་ཞིག་ལྷ་སར་ཚོང་རྒྱག་པར་ཕྱིན། ལྷ་ས་བས་ཁྱོད་ལ་ཚོང་ག་རེ་ཡོད་ཅེས་དྲིས་པས་ཁོས་ཅི་དགོས་ཀྱང་ཡོད་ཟེར། ལྷ་ས་བས་མར་དང་ཕྱུར་ར་ཨེ་ཡོད་ཅེས་དྲིས་པས་མི་དེས་མེད་ཅེས་ལན་བཏབ།ཡང་ལྷ་ས་བས་ཐུད་ཨེ་ཡོད་ཅེས་དྲིས་པས་མི་དེས་ཟད་ཚར་སོང་ཞེས་ཟེར། ཡང་ཁྱོད་ལ་བལ་དང་ཚིལ་ཨེ་ཡོད་ཅེས་དྲིས་པས་དེ་ཚོ་ཁྱེར་མེད། ད་ཁྱོད་ལ་དགོས་ན་བུལ་ཏོག་ཏོག་ཙམ་ཡོད་ཅེས་བུལ་ཏོག་རྣམས་བཙོངས། དེ་ནས་ཁོང་ཕ་ཡུལ་དུ་ལོག་གོ ཕ་ཡུལ་གྱི་མི་ཁོང་མ་གཏོགས་གཞན་སུ་ཡང་ལྷ་སར་འགྲོ་མྱོང་མེད་རྐྱེན་ཡུལ་མིས་ལྷ་སའི་སྐོར་མང་པོ་དྲིས། ཇོ་བོ་རིན་པོ་ཆེས་ཅི་གནང་གིན་གདའ་ཞེས་པའི་ལན་ལ་མཆོད་མར་སྤར་ནས་སྒོམ་ལ་བཞུགས་གདའ་ཞེས་བརྗོད། ཇོ་བོ་ར་མ་རྒྱལ་མོས་ཅི་བྱེད་ཀྱིན་གདའ་ཞེས་པའི་ལན་ལ་རྩྭ་་བཟས་ཆུ་འཐུངས་ནས་གདའ་ཞེས་ལན་བཏབ། སྦྲ་ནག་ཞོལ་ལ་ཅི་གདའ་ཞེས་པའི་ལན་ལ་སྦྲ་གུར་ནག་ཅི་གེར་ཕུབ་ནས་བསྡད་གདའ་ཞེས་ལན་བཏབ། འོང་སྟོད་ཞིང་ཁར་ཅི་འདྲ་གདའ་ཞེས་པའི་ལན་ལ་བཙས་མ་བརྔ་བའི་སྒང་རེད་གདའ་ཞེས་ལན་བཏབ། རྩེ་པོ་ཏྰ་ལ་མཐོ་ལོས་གདའ་ཞེས་པའི་ལན་ལ་མཐོ་བ་ལ་ནི་་ནུབ་གཅིག་དེའི་སྟེང་ནས་མི་ཞིག་ལྷུང་ན་དེའི་སང་ཞོགས་སར་ལྷུང་ཚར་ས་མི་གདའ་ཞེས་ལན་བཏབ། སྣང་རྩེ་ཤག་ལ་ཅི་གདའ་ཞེས་པའི་ལན་ལ་མི་ཚང་མ་སྣང་བ་སྐྱིད་པོ་བྱས་ནས་བསྡད་གདའ་ཞེས་ལན་བཏབ། ལྷ་སར་ཚོང་བྲིན་ཤོས་ཅི་རེད་གདའ་ཞེས་པའི་ལན་ལ་བུལ་ཏོག་བྲིན་ཆེ་ཤོས་རེད་གདའ་ཞེས་ལན་བཏབ་སྐད་དོ། །