ལྷ་སའི་གྲོང་གི་གླུ་སྐད།



ཆོས་ཤུལ་གསང་བདག









ཤོག་ལྷེ་རེ་གཉིས་ཀྱི་ངོས་གང་རུང་

རླུང་བུས་འཛད་ཀྱིན་པའི་མཚན་མོ་རེ

གླུ་སྐད་སང་སང་གིས་དཀྲོག་འོང་དུས

ཁྱོད་ཀྱི་ཕྱི་ནང་མི་གསལ་བའི་ནམ་ཟླ་ཞིག

རྔོན་པ་ཁྱུ་ཞིག་གི་ལག་མཐིལ་དུ་འཁྱིལ་འོང་བ་བདེན་ནམ



ནང་མ་རེ་གཉིས་ནང་འཁོར་བའི་མི་ཚོགས

འཚང་ཁ་ཤིག་ཤིག་གིས་ཇི་ལྟར་བྲེལ་ནའང་

རྣམ་ཤེས་འབོར་བཞིན་པའི་ངོ་གདོང་དག

ཇི་འདྲའི་དགོད་སློང་བའི་ཟློས་གར་ཞིག་རེད་ཨང་



ལྕགས་ལམ་ལས་སྲིང་བའི་ལག་པ་མང་བོ

ཁྱོད་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ་སླེབས་ཉིན

ཁ་མི་གྲག་པའི་ལྷ་སས དགའ་བར་བྱེད་ལ་སྐྱོ་བར་བྱེད



མི་ཚོགས་ཀྱི་ཐལ་རྡུལ་འོག

གསལ་ལ་མི་གསལ་བའི་ལྷ་ས

སྲོང་བཙན་སྒམ་པོས་བཞེངས་པའི་མཁར་གྲོང་དེ་ཡིན་ནམ

སེམས་ཀྱི་དག་ཞིང་དུ་སྒོམ་པའི་ཕ་གཞིས་དེ་ལགས་སམ



གླུ་སྐད་ལས་ཐོས་རྒྱུ་མེད་པའི་ཐག་རིང་

གྲིབ་གཟུགས་རྐྱང་རྐྱང་གིས་ཡོངས་སུ་བཟུང་རྗེས

ཟླ་འོད་མི་གསལ་བའི་མཚན་མོ་རེ་རེ

མགོ་བོ་བཏེགས་ཏེ་མཆི་མ་འདོན་ཐུབ་མཁན་དུ་ཙམ་ཡོད



ཆང་དམ་དང་སྨད་འཚོང་མས་ཁེངས་པའི་ལྷ་ས

ལྷ་ས་ལྟ་བུའི་གྲོང་ཁྱེར་དག་གི་ནང་

བོད་པ་ཚོས་ད་དུང་སྐོར་བྲོ་འཁྲབ་སྲིད་དམ

གླུ་གཞས་ལེན་འདོད་དམ



གངས་རི་དང་མེ་ཏོག

སྤང་གཤོང་དང་རྩྭ་ཐང་

སུ་ལའང་ངོམ་ཆོག་པར་འདོད་པའི་དར་ཆ་དག

ཇི་ལྟར་མཐོ་རུ་བཏེགས་ནའང་

རྐང་འོག་གི་ས་གཞི་རུལ་གྱིན་པ་སུ་ཞིག་གིས་རྟོགས

༢༠༠༧.༧.༢༦ ཉིན་གཙོས་གྲོང་ཁྱེར་དུ་སྦྱར །