ཤྲཱི་ནཱ་ལནྡའི་གསོལ་ཁང་ལ་ཤིས་བསྟོད་ཅུང་ཟད་བརྗོད་པ།



སྐལ་བཟང་འོད་གསལ། །











ཧེ་རུ་ཀ་དཔལ་དགྱེས་པ་རྡོ་རྗེ་དང་། །





བྱིན་རླབས་གཏེར་ཆེན་གུ་རུ་རྒྱལ་ཚབ་རྗེ། །

མཐུ་སྟོབས་དབང་ཕྱུག་མ་ཧཱ་ཀ་ལ་ཡིས། །

གནས་འདིའི་རྟེན་དང་བརྟེན་པར་བྱིན་རླབས་སྩོལ། །

ཐོས་བསམ་རིག་པའི་དབའ་རླབས་འབྱུང་བའི་གནས། །

མཐོ་སློབ་དབྱར་གྱི་ཆུ་གཏེར་ཆེན་པོ་འདིར། །

དགོས་འདོད་ཀུན་འབྱུང་ཇ་ཁང་ཡིད་བཞིན་ནོར། །

བྱུང་བ་འདི་ཀོ་དགའ་སྤྲོའི་གསོས་སུ་ཆེ། །

དེ་ཉིད་ཕུན་ཚོགས་ལྔ་ལྡན་འཛོམས་པའི་ཉིན། །

མཚུངས་མེད་གཏན་གྱི་སྐྱབས་མཆོག་རྒྱལ་ཚབ་རྗེས། །

ལེགས་པའི་དཔལ་ཚོགས་ཀུན་གྱིས་བྱིན་བརླབས་ཏེ། །

དགྱེས་པའི་ཉམས་བཅས་བཀྲ་ཤིས་རབ་གནས་མཛད། །

གཞན་ཡང་སྐལ་བཟང་དུས་ཀྱི་དགའ་སྟོན་དེར། །

འཛོམས་པའི་མཆོག་སྤྲུལ་མཁན་སློབ་དབུ་ཆོས་དང་། །

དགེ་འདུན་ཐམས་ཅད་མི་ཕྱེད་ཐུགས་མཐུན་པར། །

ཤིན་ཏུ་དགེ་བའི་སྨོན་ལམ་ཅི་ཡང་མཛད། །

དེ་སྐབས་དཀར་ཕྱོགས་ལྷ་ཀླུའི་ཚོགས་རྣམས་ཀྱིས། །

རབ་ཏུ་དགའ་བའི་ཡིད་ཀྱིས་མཁའ་དབྱིངས་ནས། །

འདོད་རྒུའི་དཔལ་འབྱོར་འདུ་བའི་རྟེན་འབྲེལ་དུ། །

གྲངས་མེད་ཆར་གྱི་ཟིལ་མ་རྣམ་པར་གཏོར། །

དེང་ནས་བཟུང་སྟེ་ཆོས་གྲྭའི་ཁོར་ཡུག་འདིར། །

འདུས་པའི་དགེ་འདུན་བསླབ་པ་རྒན་གཞོན་ཀུན། །

དགྱེས་པའི་གཏམ་བཅས་གང་འདོད་ཞལ་ཟས་ལ། །

ལོངས་སུ་སྤྱོད་པའི་སྐལ་བཟང་ནུབ་མེད་གྱུར། །

དེ་ཕྱིར་ཐོས་བསམ་གནས་མཆོག་ཆོས་སྡེ་འདིར། །

ལྷག་པའི་བསམ་པ་ཅུང་ཟད་དཀར་བ་ཅན། །

ལེགས་པར་མཐོང་བ་བདག་སོགས་མཆེད་གྲོགས་ཀུན། །

ཡི་རང་བསྟོད་བསྔགས་མི་འབུལ་རང་དབང་བྲལ། །

འོན་ཀྱང་བཟང་པོའི་བྱ་བ་གང་བརྩམས་ཀྱང་། །

ནགས་ཕྱོགས་བདུད་ཀྱི་ཁྱུ་ཡིས་གླགས་འཚོལ་བ། །

ཀུན་ལ་གྲགས་ཕྱིར་བསྟན་སྲུང་ཚོགས་རྣམས་ཀྱིས། །

རྣམ་ཀུན་གཡེལ་མེད་སྐྱོབས་པའི་རེ་སྨོན་མཆིས། །

ལྷག་པར་རྒྱལ་བའི་བསྟན་དང་དགེ་འདུན་སྡེའི། །

ཕྲིན་ལས་ཐམས་ཅད་བསྟན་འགྲོའི་དོན་ཡིན་ཕྱིར། །

ཇ་བཟང་བཞེས་སྤྲོའི་གཞལ་ཡས་ཁང་འདིས་ཀྱང་། །

མཐའ་དག་མྱ་ངན་མེད་ལ་སྦྱོར་བར་ཤོག །

དེ་ལྟར་ཚིགས་སུ་བཅད་པའི་སྡེབ་སྦྱོར་གྱིས། །

བཀོད་ལེགས་ཇ་ཁང་ནཱ་ལནྡ་ཉིད་ལ། །

མངོན་པར་བསྟོད་པའི་ཤིས་སྨོན་སྦྲགས་མ་ཉིད། །

ས་མཐའི་འཁྱམས་པོ་ལེགས་པར་མཐོང་བས་སྦྱར། །