སྐབས་བཅུ་བཞི་པའི་ ccTvགཞོན་སྐྱེས་གླུ་པའི་འགྲན་ཚོགས་ཆེན་མོ་ལས་

འཕྲོས་པའི་བསམ་གཞིགས་ཐོར་བུ།

དགེ་བུ།



ད་ཐེངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་གཞོན་ནུའི་གླུ་པ་གླུ་མའི་འགྲན་ཚོགས་ཆེན་མོའི་ནང་བོད་ཀྱི་གླུ་པ་གླུ་མ་ཞུགས་མཁན་ཅུང་ཉུང་ཞིང་། མཐའ་མའི་འགྲན་བསྡུར་ནང་དུ་ཞུགས་ནས་བྱ་དགའ་ཐོབ་མཁན་ཡང་གངས་ལྷ་བུ་མོ་སྤུན་གསུམ་གྱིས་གདོད་མའི་སྐྱེ་ཁམས་གླུ་དབྱངས་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ་དང་། ཚེ་དབང་རྡོ་རྗེ་ལ་ཕུལ་བྱུང་བྱ་དགའ་ཐོབ་པ་ཙམ་ལས་མེད། དེ་དག་ཀྱང་དཔུང་སྡེའི་གླུ་གར་ཚོགས་པ་སོགས་ཚོགས་སྡེ་ཁག་གཞན་གྱིས་མངགས་འདེམས་བྱས་པ་དག་རེད། ལྷག་དོན་དུ་ཅུང་ཟད་བསམ་དགོས་པ་ཞིག་ལ། དཔྱད་འདེམས་པ་དང་འདེམས་དཔང་བྱེད་མཁན་སོགས་རིམ་པ་ཅུང་མཐོ་བའི་སྒྱུ་རྩལ་མཁས་པའི་ཁྲི་འཕང་དུ་འཁོད་ཐུབ་མཁན་གྱི་རང་རིགས་གླུ་དབྱངས་སྒྱུ་རྩལ་པའི་མིང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། ཚུལ་དེ་ནི་གླུ་གར་གྱི་ཕ་ས་ཕ་ཡུལ་གྱི་མཚན་སྙན་འཆང་བའི་མི་རིགས་ཤིག་གི་ངོས་ནས་བལྟས་ན་ཅུང་ཆ་མི་མཚུངས་ཤིང་། ངོ་ཁ་སྐྱེངས་གཞི་ཞིག་ཏུ་མཐོང་ན། རྗེས་སུ་ང་ཚོའི་གླུ་པ་གླུ་མ་དང་། གླུ་དབྱངས་སྒྱུ་རྩལ་པ། གླུ་གར་བྱ་གཞག་ཚན་པ་སོགས་ནས་རང་ཆེ་རང་མཐོང་གིས་ཁྲོན་པའི་སྦལ་པའི་བརྟུལ་ཞུགས་འཛིན་ནས་མི་བཞུགས་པར། གནད་དོན་འདི་དག་གི་ཐད་ལ་དེ་ལུགས་འབད་འབུངས་ཀྱིས་མི་རིགས་འདྲ་འདྲའི་ཁྲོད་དུ་ངོ་ཞུམ་མི་དགོས་པའི་རིག་པ་བསྒྲིམ་རྒྱུ་གལ་ཆེ་བར་མཐོང་ངོ་།

གཞན་དེང་སང་ངེད་ཅག་གི་མི་བུ་ཕལ་མོ་ཆེས་ལས་རིགས་དང་རིག་ཚན་གང་གི་ཐད་ལ་ཡང་གར་ཡང་མི་སླེབས་ཅི་ཡང་མི་འཇོན་པའི་རྗེས་ལུས་ཀྱི་སྣང་ཚུལ་འདི་ལ་འགྱུར་ལྡོག་གཏང་ནས་ལས་རིགས་ཀྱི་ཁྱབ་ཁོངས་སྤྱི་དང་། ལྷག་པར་དུ་གླུ་གར་སྒྱུ་རྩལ་འདིའི་ཕྱོགས་ལ་ཤུགས་སྣོན་ཕྲན་བུ་ཐེབས་ཐུབ་པ་བྱུང་ན་ད་གཟོད་ན་མཉམ་སྤུན་ཟླ་མི་རིགས་གཞན་ཁག་དང་གདན་གྲལ་མཉམ་གཤིབ་ཀྱི་ཐོབ་ཐང་འོག་རྒྱ་ཆེའི་མི་དམངས་དང་གཟིགས་མོ་བ་ལ་སྔར་བས་མང་བའི་སྒྱུ་རྩལ་གྱི་བསམ་པའི་ལོངས་སྤྱོད་ཟད་མི་ཤེས་པ་ལེགས་སྐྱེས་སུ་འབུལ་ཐུབ་པ་ཡོང་ངེས་སོ། །