སྐྱུག་བྲོ་བའི་འཇིག་རྟེན།

བྱ་དོར་ཕུན་ཚོགས་དབང་ཕྱུག

འཇིག་རྟེན།ཀླ་ཀློ་དང་མུན་ནག་མཐུན་སྡེབ་ཀྱིས་མི་བསྲུན་སྤྱོད་པའི་གར་སྟེགས།དམ་པ་དང་ཉམ་ཆུང་གི་ཚེ་སྲོག་རླུང་རྩེར་སྤུར་བའི་བར་དོའི་བཤས་ར། འཇིག་རྟེན།ཁྲམ་པའི་མིག་ཟུང་གིས་མཆོད་པའི་དཔོན་ངན་ཚོ་ཤོ་སྦག་གིས་ཉིན་མཚན་་་་་འཆོལ་བའི་དགུན་མཐའི་སྤྱི་གླིང༌། དད་ཟས་དང་སྐོར་ཟས་ཀྱིས་ལུས་བོངས་ཚོན་པའི་བླ་སྤྲུལ་ཚོ་ཆོས་བརྒྱད་ཀྱི་་་་་འགྱིང་འགྲོས་ངོམ་པའི་མི་རབས་ཀྱི་ཐང་སྐྱ། འཇིག་རྟེན།དབུལ་ཕྱུག་མགོ་སྙོམས་བྲལ་བའི་སྐྱོ་གླུ་ཤུབ་ཤུབ་ཟློ་ས། ལན་ཆགས་ཀྱི་བུ་ལོན་མང་པོས་བདེ་གཤེགས་ཀྱི་གཟུངས་གཞུག་གཤགས་ས།འཇིག་རྟེན།གསོན་འདྲེ་དང་རོ་ལངས་འཐབ་པའི་འཁྲུལ་སྣང་གི་ཡུལ་ལྗོངས་མོག་པོ། དུག་ཚལ་དང་བམ་རོ་སྤུངས་པའི་རབ་རིབ་ཀྱི་ས་ནག་ལེབ་མོ། འཇིག་རྟེན་ན།གདོད་མའི་རྨི་ལམ་ལ་འཁྲེང་པའི་མཁྲེགས་འཛིན་གྱི་ལྟ་གྲུབ་ཁ་བ་བཞིན་ཉིལ་ལ།ཡོད་ཚད་དེང་རབས་ཀྱིས་བསླུས་པའི་ཉམས་ཆག་གི་ཆོ་འཕྲུལ་བྱེ་རྡུལ་བཞིན་འཚུབ། འཇིག་རྟེན་ན།ཕ་བུ་ནོར་རྩོད་ཀྱིས་གཡུལ་ཆེན་བཤམས་པའི་ལྟས་ངན་ཁྭ་ཏས་སྒྲོག་ཅིང༌། མ་སྨད་ཕྲག་དོག་དང་མིག་སེར་གཡོ་བའི་དར་ནག་ཝ་རྒན་གྱིས་འཕྱར། འཇིག་རྟེན་ན།འཆལ་པོ་དྭངས་སང་དབང་པོའི་འཁྲིག་སྤྱོད་ཀྱི་ངན་གཏམ་འཐོར་རླུང་གིས་འཁྱེར་ཞིང༌། སྨད་འཚོང་རྒོད་བག་ཅན་གྱི་བྷ་ག་ཡི་དྲི་ངན་ཆིལ་ལེར་འཐུལ། འཇིག་རྟེན་ན།མཛའ་གཅུགས་ཁ་བྲལ་སོང་བའི་སྡུག་ཡུས་ཀྱི་མཆི་མ་ཀླུང་རྒྱུུན་བཞིན་ལྟེམས་ལ། མི་རིགས་གཉའ་གནོན་གྱིས་གཙེས་པའི་དུས་རབས་ཀྱི་སྐྱོ་གར་དུག་མཚོ་བཞིན་འཕྱོ། འཇིག་རྟེན་ན།བུ་རུལ་ཚོས་ཨ་མའི་མགོ་སྐྲ་བརྔས་ནས་མཛའ་མོའི་སྐྲ་ཚབ་ཏུ་སྒྲོན་པའི་ལྟས་མཚར་མཆིས་ལ། སྲིད་དོན་པས་ཟོལ་མའི་ཁ་གཡང་ཁྲོད་མི་རིགས་ཀྱི་བདེན་དོན་གླེང་བའི་ཞབས་གཞས་འཁྲུག འཇིག་རྟེན་ན།དུག་གསུམ་གྱི་མིག་འབྲས་ཕོར་ཁ་བཞིན་ཧུར་རེར་གདངས་ཡོད་ལ། ཕྱོགས་རིས་ཀྱི་ཡོ་ལང་མེ་རི་ལྟར་ཚག་ཚག་འབར་བཞིན་འདུག འཇིག་རྟེན་ན།འབྱོར་ལྡན་འགྲན་རྩོད་ཀྱིས་ངལ་བའི་ངལ་དུབ་ཀྱི་དབུགས་རིང་ཧལ་ཞིང༌། མུ་ཏོ་བ་འཁྱག་ལྟོགས་ཀྱིས་མནར་བའི་ན་ཟུག་གི་སྨྲེ་ངག་གྲགས། འཇིག་རྟེན་ན།དྲང་བདེན་ལ་མགོ་གནོན་མོད་པའི་སྐྱོ་ཤས་ཀྱི་ཟིན་ཐོ་མཐུག་ལ། གསོག་གསོབ་ལ་གཟིགས་གསོལ་ཆེ་བའི་གླེང་འགྲོས་ཀྱི་ཧབ་ཆ་རྒོད། འཇིག་རྟེན་ན།དུང་ཞེན་གྱི་ནང་སྙིང་གས་པའི་ཐོད་རྒལ་གྱི་དྲི་རྟགས་དམར་ལ། ཇ་ལན་དུ་གཅིན་སྐྱག་ལྡུད་པའི་ཁྲེལ་འདས་ཀྱི་ངུ་བཤུམ་གྲང༌།འཇིག་རྟེན་ན།ལ་རྒྱ་ལ་རྨ་ཤུལ་ཟབ་པའི་དཔའ་རྒོད་ཀྱི་ཡིད་མུག་འཁྱིལ་ཞིང༌། སེམས་ཤུགས་ལ་སྒྲོག་ཐག་བསྐོན་པའི་ཡར་ཐོན་པའི་དངན་པ་འཕྱུར། འཇིག་རྟེན་ན།འཚོ་བ་གླུ་རུ་ལེན་པའི་སྙན་ངག་པའི་འདང་རྒྱག་མཚོ་རླབས་བཞིན་སྐྱོམ་ལ། སྣང་བརྙན་རི་མོར་བརྐོ་བའི་སྒྱུུ་རྩལ་པའི་ཕངས་སེམས་རི་རབ་བཞིན་ལྕི། འཇིག་རྟེན་ན།དམོད་སེམས་དང་སྡང་མིག་གིས་ཕ་རོལ་རྒུད་པའི་གློག་ཞགས་ཤིག་ཤིག་ཏུ་འདར་ལ།མི་ཁ་དང་ངན་སྨྲས་ཀྱིས་གཞན་སེམས་དཀྲུག་པའི་སྤྲིན་ནག་རྔམས་ཤིང་མཐུག འཇིག་རྟེན་ན།མི་རྐྱང་ཁེར་བསུན་གྱི་རྐང་གླིང་བར་མེད་སྒྲོག་ཅིང༌། མགོན་མེད་དྭ་ཕྲུག་གི་སྐྱོ་གླུ་ལྷང་ལ་འབུད་ཡོད། འཇིག་རྟེན་ན།ཁྲག་སྦྱོར་དང་གདུག་རྩུབ་གདོན་འདྲེའི་སྐྲ་ཚོགས་ལྟར་གཟེངས་ཡོད་ལ།ལོག་ལྟ་དང་ཚུལ་འཆོས་སྟག་གཟིག་གི་ཁ་ལྟར་གདངས་ཡོད། འཇིག་རྟེན་ན།སྐྱུག་བྲོ་བའི་འཚོ་བརྙན་གྱི་འགྱུར་བག་ཉིན་རྒྱུན་རྒོད་ལ། ལས་འབྲས་ཁྱད་གསོད་ཀྱི་གཤེད་སྒྲ་འུར་འུར་དུ་བསྒྲགས། །