སྐྱོ་བའི་གླུ་གཞས།

ཁྲི་ཆེན་དགའ་ལྡན་ཁྲི་པ། །དེ་འདྲ་རང་ད་ཨེ་ཡིན།

བློ་བཟང་།







སྐལ་བཟང་མི་བཟང་དུས་ལ། །ཁྲི་ཆེན་དགའ་ལྡན་ཁྲི་པ། །དད་ལྡན་གངས་ཅན་ཕོ་མོའི། །འདི་ཕྱི་གཉིས་ཀྱི་སྐྱབས་ཡིན། །

སྐལ་བ་སྙིགས་མ་ཡིན་ནམ། །གནམ་ས་བརྗེ་བ་ཨེ་ཡིན། །ཁྲི་ཆེན་རྡོ་རྗེ་འཆང་དབང་། །པེད་ཤག་ཞབས་ལ་འབྲངས་སོང་། །

དང་པོ་དད་པའི་སེམས་པ། །བླ་མའི་ཞབས་ལ་གཏད་ནས། །བར་དུ་ལུས་སྲོག་ལོངས་སྤྱོད། །བསྟན་པའི་དོན་དུ་བསྔོས་ཡོད། །

ཕ་ས་གངས་ཅན་ལྗོངས་ཀྱི། །དད་ལྡན་སེར་སྐྱ་བོད་མིར། །པེད་ཤག་མཚོ་མོ་མེད་ཀྱང་། །ལྷག་བསམ་རྒྱ་མཚོའི་འཇིངས་ཡིན། །

ཚེ་ཚེ་རབས་རབས་ཀུན་ཏུ། །ལག་གཉིས་ཁ་སྦྱོར་འཁྱུད་ནས། །སྐྱབས་གཅིག་ཞིང་དུ་བསྒོམས་པ། །ལོ་ངོ་སྟོང་ཕྲག་འགོར་ཡོད། །

དགའ་ལྡན་ཁྲི་པ་ཞེས་ན། །དང་པོ་གནམ་འོག་ཀ་རེད། །དེང་སེང་ཁྲི་པ་ལབ་དུས། །ཡ་མཚན་ཞེད་སྣང་ཡུལ་རེད། །ཆོས་ལ་དད་པ་ལོས་བྱེད། །བླ་མ་དགོས་རྒྱུ་ལོས་དགོས། །མཛད་པ་འདི་འདྲ་གནང་དུས། །རྦད་དེ་ཞེད་སྣང་མིན་ནམ། །

ཡ་གའི་དག་པའི་ཞིང་གི། ཐམས་ཅད་མཁྱེན་པ་གན་ཚོའི། །སྲས་དང་རྒྱལ་ཚབ་འདི་འདྲ། །༧སྟོན་པས་གཟིགས་ཀྱི་ཨེ་ཡོད། །

མགོ་བོ་ཕར་ལ་གཏུག་ནས། །ཕྱག་གསུམ་ཁྲི་པར་འཚལ་མོད། །མཁས་པ་དགའ་ལྡན་ཁྲི་པས། །དད་པ་ས་ལ་བསྲེས་སོང་། །

རྒྱལ་བ་ཙོང་ཁ་བཞུགས་དུས། །འཆད་རྩོད་ནམ་མཁའི་ཐོག་ཡིན། །རྒྱལ་ཚབ་བསྟན་པའི་ཀ་ཡིན། །ལུང་རིགས་འོ་མའི་མཚོ་ཡིན། །

དེང་སང་དུས་ངན་སྙིགས་མར། །ཁྲི་ཆེན་འགོ་ནས་རུལ་དུས། །བོད་ཀྱི་དགེ་ལྡན་རང་ལུགས། །མགོ་བོ་འགྱོག་ས་མི་འདུག།

རྒྱ་ལས་སྐྱབས་ཁུངས་བཅོལ་ནས། །རྟགས་དང་ཐམ་ཀ་བླངས་ནས། །དེང་སང་བོད་ས་ཟོས་པ། །ད་དུང་མཁྱེན་གྱི་མེད་དམ། །

བོད་པའི་ཁ་སྟབས་སྐྱོ་བོ། །བླ་མས་ཐོ་བོས་རྡུངས་ཀྱང་། །ཆོས་ལྡན་གངས་ཅན་བོད་མིར། །ཚེ་སྲོག་ཡོད་པ་རེད་དོ། །

ཡུན་རིང་སེམས་ཀྱི་འཁུན་སྒྲ། འཛེམས་མེད་ཡི་གེར་བྲིས་ནས། །བླ་མ་སྤྲུལ་སྐུའི་ཚོགས་ལ། །མི་འབུལ་ཐབས་མེད་ཆགས་སོང་། །

བླ་མ་སྤྲུལ་སྐུ་མེད་ཀྱང་། །དད་ལྡན་འཚོ་ཐབས་ཡོད་ལ། །བླ་མའི་མངའ་ཐང་མེད་ཀྱང་། །བོད་པ་འཚོ་ཐབས་ཡོད་དོ། །