སྐྱོ་སྣང་གངས་མ་ཆར། །



གཙག་བུ།









གྲང་འཁྱགས་དགུན་གྱི་རླུང་དམར་འཚུབ་མ་འུར་འུར་གྱིས་ལྡང་བས། །

རྩི་ཤིང་འབྲས་དགུ་ཕྱོགས་བཞིར་ཡོམ་ཡོམ་གྱིས་འཐོར་ཞིང་། །

ཁ་བ་བུ་ཡུག་སྡོང་ནས་སྟོང་ཁམས་མོག་མོག་ཏུ་བསྒྲིབས་པས། །

ལུས་སེམས་བདེ་དགའི་གོ་སྐབས་ཡེ་ནས་མེད་པ་འདིས་སྐྱོ་བྱུང་། །



ཐན་བྱའི་སྐད་ངན་ཆད་མེད་ཙིར་ཙིར་རྣ་ལམ་དུ་སྒྲོག་པས། །

འཇོལ་མོའི་གསུང་ངག་དལ་མོ་སྙན་སྙན་ཇི་ཙམ་གྱིས་འབྱིན་ཀྱང་། །

ལྟོ་ལ་གཟན་པའི་ཕ་ཝང་དཔུང་ཚོགས་མུན་ནག་བཞིན་རུབ་དུས། །

འདུ་འཛིའི་མཚེར་རྒོད་གླིང་གའི་རྣམ་པར་བཅོས་བཟོ་འདིས་སྐྱོ་བྱུང་། །



ངལ་བརྒྱའི་འབད་པ་ལྷོད་མེད་རེམ་རེམ་རྟག་གུས་ཀྱིས་བགྱིས་ཀྱང་། །

འབྲས་བུའི་ལྗང་པར་བཅུད་ཀྱི་སྙིང་པོ་ཉིན་སྐར་བཞིན་སྟོངས་ཤིང་། །

མགུ་དུས་མེད་པའི་དུས་ངན་དཔོན་པོའི་གདོང་གཤིས་ཀྱི་འཛུམ་བག།

ཉིན་བཞིན་མཐོང་བར་དཀོན་པའི་སྙིགས་མའི་མི་ཆོས་འདིས་སྐྱོ་བྱུང་། །



ལེགས་ཉེས་གནད་ཀའི་སློབ་གསོའི་བླང་དོར་བྱ་བ་དེ་གལ་ཀྱང་། །

བཟང་ངན་ལམ་གྱི་དམིག་བུ་མ་རྙེད་བནོལ་བཙོག་གིས་མནར་བས། །

རྫུ་ཟོལ་གཡོ་སྦྱོར་འདོད་རྔམ་ཁེ་ཞེན་རང་དོན་གྱི་དབང་གིས། །

རྒྱུ་འབྲས་མངོན་སུམ་སྣོག་པའི་དུས་འདིའི་དཔའ་རྟགས་ཀྱིས་སྐྱོ་བྱུང་། །



ན་གཞོན་རྒན་རྒོན་ཕོ་མོ་ཡོད་རྒུའི་སེམས་པ་ཡི་ཕུགས་སུ། །

དངུལ་ལོའི་གྲངས་གསོགས་གཏད་མེད་ཕྲེང་གོག་ཉིན་མཚན་དུ་བགྲང་ཡང་། །

སོག་མེད་སེམས་ཀྱི་ཁྲལ་བུན་ལྡབ་འགྱུར་འཕེལ་བ་ཡི་བསྐྱེད་ཀས། །

ཚེ་འདི་བསླུས་ཀྱང་འགྱོད་བཤགས་མི་ཤེས་ཚུགས་སྟངས་འདིས་སྐྱོ་བྱུང་། །



ཉམ་ཆུང་ལུས་སེམས་ངལ་དུབ་གསོག་གསོག་སྙིང་དམར་གྱི་རྒྱུ་ནོར། །

གྲངས་ལ་བགྲངས་བ་ཙམ་གྱིས་དེ་བཞིན་ཉུང་ཉུང་དུ་མཐོང་བའི། །

རྟག་ཏུ་འབད་རྩོལ་ཤ་རུས་བྲལ་སྙམ་ངལ་དུབ་ཀྱི་ལས་ཀས། །

བསོག་འཇོག་ཚོང་གི་ཁེ་སྤོགས་ཆེ་ཆུང་མཐོ་དམན་གྱིས་སྐྱོ་བྱུང་། །



ཁམ་གང་ཟས་ཀྱིས་ཕ་མ་བུ་ཚའི་ཁ་མིག་གཉིས་འདུར་ཀྱང་། །

ཕོར་ཁའི་མཐོ་དམས་ཁྲེལ་གཞུངས་བཟང་བཙུན་སྤོང་བ་ཡི་སྤྱོད་པ། །

ལ་ཁའི་སྤྲིན་བཞིན་ཞེན་པའི་ཕྱོགས་རྒྱུའི་བྱུར་ཅན་གྱི་ལ་རྒྱས། །

བག་ཡོད་ཚུལ་འཆང་ཆེ་ཆེའི་རྣམ་འགྱུར་འཛིན་པ་ཡིས་སྐྱོ་བྱུང་། །



བསམ་དཀར་དར་གྱི་རྒྱུན་ལས་མཆེད་པའི་ཤེས་རིག་གི་བུ་སྲིང་། །

ཁ་བའི་ཞིང་ཁམས་མཛེས་པའི་རྒྱན་ཆའི་དཔལ་སྙིང་དུ་བྱོན་ཀྱང་། །

སྨག་མུན་ཁེ་བཙན་གྲུབ་མཐའི་དུག་རོས་དམུས་ལོང་གི་ཁྱུ་དེས། །

སྐྱེས་ཆེན་མེ་ཏོག་གང་དག་སད་ཀྱིས་བཅོམ་པ་འདིས་སྐྱོ་བྱུང་། །



ཤ་ཁྲག་རུས་པའི་གསས་མཁར་བསྟོད་པའི་དྲིན་ཆེན་གྱི་ཕ་མས། །

ཤ་ཚ་སྙིང་ཉེའི་བུ་སྲིང་ཤེས་མེད་ཁྱོར་གང་ནས་བསྐྱངས་ཀྱང་། །

བཟའ་བཏུང་ལོངས་སྤྱོད་ཞིམ་དགུའི་ཞག་མིག་གཞོམ་མཁན་གྱི་མི་བུ། །

དྲིན་ཆེན་ཚེ་གཡོག་མཐོང་བའི་དུས་འདིའི་གཞོན་སྐྱེས་ཀྱིས་སྐྱོ་བྱུང་། །



ཞིམ་མངར་རྩམ་སྐྱོས་གསོས་པའི་གདོང་དམར་ཤ་ཁྲག་གི་ཟས་ཅན། །

ཀ་མད་ཀློག་འདོན་དྲིན་གྱིས་མིག་ཤེས་རྒྱང་བལྟ་ཞིག་འཇོན་དུས། །

ཁ་ཧིད(咖啡)་དྲི་ལས་མར་ཡོས་འགམ་པ་རྗེས་ལུས་ཀྱི་འཚོ་སྟངས། །

ཡིན་ཚོད་དབྱངས་གསལ་སྦྱོར་བས་བཤད་ཡམས་དར་བ་འདིས་སྐྱོ་བྱུང་། །



ཉིན་བཞིན་ཉི་མས་མཁའ་ལ་དཀར་དཀར་ཟེར་ཐག་གིས་འབྱེད་ཀྱང་། །

སྣང་བའི་དཔྱང་ཐག་སྨག་མུན་སྟུག་པོས་རབ་རིབ་ཀྱིས་བཅོམ་ཚེ། །

འཇིག་རྟེན་མི་འདོད་སྟེགས་བུར་གཡོ་སྒྱུ་གར་པའི་ལྕེ་སྣེ་ལས། །

རྫུན་གྱི་ཟློས་གར་མཆོད་པའི་འདྲེ་མོའི་རྐང་གླིང་འདིས་སྐྱོ་བྱུང་། །



ཚེ་གཅིག་བརྩོན་པའི་འབྲས་བུས་མི་འཇིགས་སེང་ཁྲི་ལ་འགྱིངས་ཤིང་། །

འགྲོ་བའི་སྐྱིད་སྡུག་བསྒྲུབ་པའི་དམ་བཅའི་གཟུགས་བརྙན་རྡོར་བྲིས་ཀྱང་། །

དྲིན་ཅན་དགྲ་བཞིན་སྡང་ཞིང་རང་དོན་ཁྲོ་ཆུའི་མཁར་བརྩེགས་ཀྱིས། །

ཉམ་ཆུང་སྐྱོང་བའི་ལྷ་དེ་འབྱོན་དུ་མེད་པ་འདིས་སྐྱོ་བྱུང་། །



མ་འོངས་སྐྱིད་བདེའི་རེ་བའི་མྱུ་གུ་འབུས་པ་ཡི་གནས་དེར། །

མེས་པོའི་བཤུལ་བཞག་རིན་ཆེན་ནོར་བུའི་གཏེར་ཁ་ཡི་སྒོ་མོ། །

བདུད་རྩིའི་ཆུ་མིག་འབུམ་དུ་བརྡོལ་བའི་ནེའུ་གསིང་གི་སྤང་ཁར། །

ལྟོགས་ཤི་འཁྱགས་གྲིར་ཤོར་བའི་སྐྱེ་བོའི་འགྲོ་སྟངས་འདིས་སྐྱོ་བྱུང་། །