སྒོ་ཤེས་རབ་ལ་ཕུལ་བ་ཞེས་པའི་སྒེར་དེབ་ཅིག་བཀླགས་རྗེས།

ར་མ་ལུག་གི་དཔེ་དེབ་དེའི་སྟེང་ན། ཡ་མ་ཟུང་གི་སྐད་ཆ་དེའི་ཁྲོད་ན། ངས་བློ་བཟང་དོན་འགྲུབ་ཀྱི་ངོ་གདོང་མཐོང་ཐལ། ཁོས་བརྩམས་པའི་ང་ཚོའི་མི་རིགས་དང་་་་ང་ཚོའི་བསམ་བློ་ཞེས་པའི་སྒེར་དེབ་དེའི་མདུན་ཤོག་སྟེང་ན་སྒོ་ཤེས་རབ་ལ་ཕུལ་ཞེས་པའི་ཡི་གེ་དེ་མཐོང་ཐེངས་ཤིག་གིས་ངའི་སེམས་བསམ་པའི་གཏིང་སར་ཐུན་མིན་གྱི་ཚོར་བ་ཟབ་མོ་ཞིག་གིས་བཙིརཡོང་གི། རྒྱུ་མཚན་ནི། དཔེ་དེབ་དེ་མ་བཀླགས་ཚད་མེད་ཀྱི་བསམ་བློ་ཞིག་སྐྱེས་ཡོང་བས། ལུང་རིགས་ཀྱི་སྒྲུབ་བྱེད་དང་བསམ་བློའི་རྒྱགས་ཕྱེ་དབེན་པའི་སྐད་ཆ་འདི་ཐོས་རྗེས་ང་རང་ངུ་ཡང་བྲོ་ལ་དགོད་ཡང་བྲོ་ཀི། རྒྱུ་མཚན། དགག་གཞག་གི་སྐད་ཆ་དེ་གནད་དུ་མ་ཐོགས་པས། ཕྱིར་རྟོག་གི་དྲན་ཤེས་དེ་རུལ་སོང་བས། ཁོ་བོའི་སྐད་ཆ་འདི་སྒོ་ཤེར་ལ་དགག་ལན་དུ་བྲིས་པ་ཡིན་ན་ཚིག་གཅིག་ཀྱང་གནད་ལ་འཁེལ་མེད་ཚོད་རེད། ཁོས་བཤད་པའི་སྐད་ཆ་འདིའི་ཁྲོད་ན་སྒོ་ཤེར་གྱི་མི་གཞི་ལ་དམའ་འབེབ་དང་མིའི་རྩིས་ཐང་ལ་རྡོག་བརྫིས་བྱེད་པ་ལས་སྒོ་ཤེར་གྱི་ལྟ་བ་འམ་བསམ་བློ་དགག་སྒྲུབ་ཀྱི་ཚིག་གཅིག་ཀྱང་མེད་ཚོད་རེད། ལུང་གི་རྒྱབ་བརྟེན་དང་རིགས་པའི་སྒྲུབ་ཕྱོགས་མེད་པའི་ཚིག་ཉོག་འགའི་བར་གསེང་ན་རྒྱ་ནག་པ་ཡུས་ཅེ་ཡིས་བཤད་པ་ཇི་བཞིནཡི་གེའི་གད་སྙིགས་ཁོ་ན་ལས་མ་འདས། ཡིན་ཡང་ཁོས་ད་དུང་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་མི་ཆགས་ཀྱང་རྡོ་ཆག་བཙན་བསྒྲིགས་ཀྱིས་གཞུང་ཚིག་རེ་དྲངས་པ་ནི་རང་གི་མགོ་བོ་རྡུང་བྱེད་ཀྱི་ཐོ་བའི་དཔེ་རུ་འགྱུར་རོ། བློ་བཟང་དོན་གྲུབ་ཁྱེད་ཀྱིས་སྒོ་ཤེས་རབ་ལ་ལྟ་ལོག་པའི་མ་ཉེས་ཁ་གཡོགས་ཀྱི་ཞྭ་ཆེན་བཀབ་པའི་ཉེས་པ་དང་ནག་ཉེས་མཇུག་འབྲས་ལ་བསམ་བློ་བཏང་ཨེ་མྱོང། དེ་ཡང་སྤྱི་ལོ་༡༥༥༤ཡར་སྔོན་དུ་སི་ཕེན་དུ། སྐྱེས་བུ་བློ་གྲོས་ཅན་ཞིག་ལ་*ལྟ་ལོག་*གི་ཞྭ་ཆེན་བཀབ་བའི་མཇུག་འབྲས་དེར་ཁྱེད་ཀྱིས་རྒྱུ་འབྲས་བློ་མིག་མ་ཡལ་བའི་མནོ་བསམ་དང་ཡང་ན་ཞྭ་མོ་བཀབ་པའི་ནག་ཉེས་ལ་བསམ་བློ་ཡང་དག་ཞིག་གཏོང་དགོས་པ་ནི་སྨོས་མེད་རེད། དེ་མིན་ཡོ་རོབ་གླིང་གི་དུས་རབས་བར་མ་ནི་ཞྭ་མོའི་དུས་རབས་ཏེ། ཡེ་ཤུ་ཆོས་ལུགས་པ་ཚོས་སྒེར་གཅོད་བྲིན་པའི་དུས་སྐབས་དེའི་ཁྲོད་ན་སྐྱེས་བུ་ག་ཚོད་ཅིག་ལ་ཞྭ་མོ་བཀབ་ཡོད་པ་དང་ཞྭ་མོ་བཀབ་པའི་མཇུག་འབྲས་དེར། ལོ་རྒྱུས་ལ་ཕྱིར་རྟོག་དང་མཇུག་འབྲས་ལ་བསམ་བློ་བཏང་ཨེ་མྱོང་བློ་བཟང་དོན་གྲུབ། སྒོ་ཤེས་རབ་ལགས་ཀྱིས་ཆོས་ལ་ཆོས་ཀྱི་གནས་ཡུལ་དང་སྲིད་ལ་སྲིད་ཀྱི་འགྲོ་ལུགས་བཙལ་བ་རེད། བསམ་བློ་འདིས་སྒོ་ཤེར་རབ་ལགས་ཀྱི་ཆོས་པ་ཞིག་ཡིན་ཕྱིར་ཆོས་ལ་བཅངས་བའི་བརྩེ་སེམས་དང་བོད་མི་ཞིག་ཡིན་ཕྱིར་མི་རིགས་ལ་བཅངས་བའི་འདུ་ཤེས་མཚོན་ཀི། དེ་མིན་སུམ་གཉིས་ས་ཡི་ཐིག་ལེར་ཟིལ་ཤུགས་ངོམ་པའི་ཡར་ཀླུང་དཔའ་བོའི་མཛད་རྗེས་ངོམ་སྐབས་ཆོས་སྲིད་ཐ་དད་ཡིན་པ་ལས་ཆོས་མིན་སྲིད་མིན་གྱི་ད་ལྟའི་གནས་བབ་ལྟ་བུ་ཞིག་ག་ལ་ཡིན། ཡང་གཅིག་བཤད་ན་བདག་མེད་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་འགལ་བ་ལས་མཐུན་པའི་དཔེ་རུ་འགྲོ་སྲིད་མིན་ལ་ཚོར་བ་རྣོ་བོ་བསྐོས་ཏེ་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་བློ་བཟང་དོན་འགྲུབ། བོད་སིལ་བུའི་སྐབས་ས་སྐྱ་པའི་དབང་བསྒྱུར་འོག་ན་ཆོས་མིན་སྲིད་མིན་གྱི་དཔྱད་ཤོག་ཅིག་དབུ་བརྙེས་ཏེ་ད་ལྟའི་གནས་བབ་འདི་འདྲ་ཞིག་ལ་སླེབས་པ་རེད། ཡིན་ཡང་ད་ལྟའི་རྗེས་ལུས་གྱི་རྣམ་པ་བསྒྱུར་དགོས་ན་སྔོན་ཐོན་ལམ་ཁ་འཚོལ་དགོས་ན་ཐབས་ལམ་གསར་པ་ཞིག་དང་ལྷག་བསམ་གསར་བ་ཞིག་དགོས་པ་ནི་སྨོས་མེད་རེད། དེས་ན་ང་ཚོའི་སྒོ་ཤེར་ལྟ་བུའི་མི་བུ་དཔྱོད་ལྡན་པ་དང་སྒོ་ཤེར་གྱི་བསམ་བློ་ལྟ་བུའི་བསམ་བློ་གསར་བ་འཚོལ་དགོས་པ་དང༌། ཡང་ན་མིག་རྒྱང་རིང་བོའི་བསམ་བློ་གཏོང་བ་ལས་ངན་སྨྲས་བརྒྱབ་པ་ནི་ཤིན་ཏུ་མི་འོས་པ་ཞིག་རེད་སྙམ་ཀི ཡིད་སྐྱོ་བ་ཞིག་ལ་ད་སྐབས་ཀྱི་དུས་རབས་འདི་ལྟ་བུ་ཞིག་ལ་མི་བུ་དཔྱོད་ལྡན་པ་སྒོ་ཤེར་དང་སྒོ་ཤེར་ལྟ་བུའི་བསམ་བློ་ལ་ང་ཚོས་ད་དུང་ཡང་མནོ་བསམ་མི་བྱེད་པར་སྨོད་ཚིག་དང་ངན་སྨྲས་རྒྱག་ཇི་ཐུབ་བྱེད་པ་ནི་ཆེས་མི་འོས་པ་ཞིག་རེད་ཨང༌། དུས་རབས་ཉི་ཤུ་བའི་སྨད་ནས་བཟུང་སྟེ། ང་ཚོའི་འཇིག་རྟེན་འདིར་མི་ཚུལ་རང་ལུགས་པ་མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་གྲུབ་རྒྱལ་སོགས་ཀྱིས་ང་ཚོ་ལ་དྲང་བདེན་དང་རྒྱུ་འབྲས་བློ་མིག་མ་ཡལ་བའི་སྒོ་ནས་འབོད་སྐུལ་ཇི་ལྟར་བཏང་ཡང༌། སྔར་བཞིན་གྲག་འགུལ་ཅི་ཡང་མེད་པར་སྒེར་གཅོད་པའི་དབང་བསྒྱུར་འོག་ནས་ཆོས་མིན་སྲིད་མིན་གྱི་ལམ་ཁ་དེད་དེ། ད་གཟོད་ང་ཚོ་འདི་འདྲའི་ཐ་ཆད་འུ་ཐུག་གི་ལམ་ཁར་སླེབས་པ་རེད། བོད་པ་ཚང༌། ང་ཚོས་ནམ་ཡང་གནས་ལུགས་ལ་དོ་ཁུར་དང་མི་གཞི་ལ་རྡོག་བརྫིས་མི་བྱེད་པར་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་མི་སྐད་གཙང་མ་ཞིག་སྨྲ་དགོས་པ་ནི་ཆེས་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དོན་རྐྱེན་འབའ་ཞིག་ལས་མ་འདས། རིག་གནས་དགག་སྒྲུབ་ཀྱི་སྤྱི་ཚོགས་འདིའི་ཁྲོད་ན་ང་ཚོས་སྔོན་ཐོན་དང་ལམ་ཕྱོགས་གསར་བ་ཞིག་འཚོལ་དགོས་ན་སྒམ་དཀྱེལ་བ་སྒོ་ཤེར་དང་སྒོ་ཤེར་ལྟ་བུའི་བསམ་བློ་ནི་ང་ཚོའི་འཚོ་བའི་གྲུབ་ཆའི་སྟེང་ན་ཆེས་མེད་དུ་མི་རུང་བ་ཞིག་རེད་ཨང༌། དཔལ་དོན་གྲུབ་རྒྱལ་གྱིས*ཨ་ཁ་་་རང་རེ་ནི་ཅི་འདྲའི་གླེན་རྟགས་ཚ་བ་དང༌། བོད་ རིགས་ནི་ཅི་འདྲའི་གཞུང་རྒྱུད་དྲང་བ་ཞིག་རེད་ཨང༌། བསམ་བློ་གསར་བ་ཞིག་དང༌། ལྟ་བ་གསར་བ་ཞིག་དང༌། འདོད་ཚུལ་གསར་བ་ཞིག ལྷག་བསམ་གསར་བ་ཞིག་བྱུང་བའི་ཚེ་ན། རང་རེས་སེམས་ཀྱི་སྣོད་མི་བཟེད་པ་དང༌། ཡིད་ཀྱི་སྒོའང་དམ་པོར་གཏན་པ་འདི་ནི། ཤིན་ཏུ་མི་འོས་པའི་གནས་ཤིག་རེད། ཅེས་པ་ལྟར། རང་རེ་ཚོས་ནམ་ཡང་གནས་ལུགས་ཀྱི་བདེན་པ་ལ་ཤེས་རབ་ཀྱི་རྩིས་ཐང་མེད་པ་ནི་ཆེས་མི་འོས་པ་ཞིག་རེད་ཨང༌། ང་ཚོས་སྔོན་ཐོན་གྱི་ལམ་ཕྱོགས་དེ་འཚོལ་དགོས་ན། ང་ཚོས་རྗེས་ལུས་ཀྱི་རྣམ་པ་དེ་བསྒྱུར་དགོས་ན། རྙིང་བ་དག་སྙིགས་དོར་བཅུད་ལེན་དང་གསར་བ་ཞིག་འཚོལ་དགོས་པ་ནི་ཅིས་ཀྱང་བཤད་མ་དགོས་པ་ཞིག་རེད། ཨུ་ཚུགས་ཀྱི་བསམ་བློ་བཟོ་བཅོས་དང་གཟབ་ནན་དཔྱོད་ལྡན་གྱི་རྟོག་དཔྱོད་དང་མིག་རྒྱང་རིང་བོའི་མནོ་བསམ་ཞིག་ཐོངས་ཤིག་བོད་པ་ཚང༌།

ཨེ་ཝཾ་སྒྲ་གཅན་དུ་འབོད་པས་བྲིས།