སྙིང་རྗེ་གོ་ལོག་ལ་གདམས་པའི་གླུ་ཆུང་།

རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་དྲངས།



ངས་ཀྱང་ཆུ་དབར་ལ་འགྲོ་བའི་ལམ་དཔལ་ཁུད་ལ་བརྒྱུད་ནས་དིང་རིར་སླེབས་སྟེ་ལམ་ཁ་ཞིག་ཏུ་ལྟད་མོར་ཉལ་ཏེ་བསྡད་པས། སྣོག་མོ་ལ་འགྲོ་བའི་ན་ཆུང་རྒྱན་གོས་འཕྱོར་མོ་འགའ་བྱུང་བ་རྣམས་ཀྱིས་ང་དཀའ་ཐུབ་ཀྱིས་གདུངས་པའི་ལུས་དེ་མཐོང་ནས། གཅིག་ན་རེ། ཁོ་རེ་ཚོ་ལྟོས་དང་སྡུག་སྡུག་གི་འདྲ་བ་ལ། འདི་འདྲའི་ལུས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག་ཟེར། གཅིག་ན་རེ་སྙིང་རྗེ་བ་ལ། འདི་འདྲ་མཐོང་བས་ཀྱང་སྙིང་རླུང་ལྡང་བར་འདུག་ཟེར་བ་ལ། ང་ཡང་མ་རིག་པའི་སེམས་ཅན་སྙིང་རྗེ་སྙམ་ཁོང་ཚོ་ལ་སྙིང་རྗེ་ལྷང་བ་ཞིག་སྐྱེས་ཏེ་ཙོག་ལངས་ནས། བུ་མོ་ཚོ་དེ་སྐད་མ་ཟེར་དང༌། སེམས་ཁྲལ་དེ་མི་དགོས་པ་འདུག་གིས། ཁྱེད་རྣམས་ཀྱིས་ང་འདྲ་བར་སྨོན་ལམ་བཏབ་ཀྱང་སྐྱེ་བར་མི་འདུག སྙིང་རྗེ་བ་ངོ་མཚར་ཆེ་སྟེ་རང་མཐོང་དང་སྙིང་རྗེ་གོ་ལོག་ཡིན་པས་ངའི་གླུ་འདི་ཉོན་ཅིག་བྱས་གླུ་འདི་བླངས་སོ། །

རྗེ་གསོལ་བ་འདེབས་སོ་བཀའ་དྲིན་ཅན། །བྱིན་གྱིས་རློབས་ཤིག་མར་པའི་ཞབས། །སེམས་ཅན་ལས་ངན་མནར་བ་རྣམས། །རང་མིན་གཞན་ལ་མཐོང་བ་ཆུང༌། །ལས་ངན་བུ་མོ་ཁྱིམ་ལ་དད། །སྣང་ངན་རང་རྩིས་མེ་ལྟར་འབར། །སེམས་ཅན་བསམ་བརླག་སྙིང་རེ་རྗེ། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཁྲམ་པ་ཡི་དམ་ལྷ་བཞིན་མཆོད། །ཟོག་པོ་རིན་ཆེན་གསེར་ལས་བྲིན། །ཆོས་པ་ལམ་ཁའི་རྡོ་བཞིན་བསྐྱུར། །མ་རིག་སེམས་ཅན་སྙིང་རེ་རྗེ། །ཁྱོད་བུ་མོ་འཕྱོར་མོ་སྤུན་རྣམས་དང༌། །ང་གུང་ཐང་གི་མི་ལ་རས་པ་གཉིས། །ཞེ་ཀྱང་ཕར་ཁྲེལ་ཚུར་ཁྲེལ་ཡིན། །སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན། །སྙིང་རྗེའི་མདུང་ཁ་བྱས་པ་ལ། །ནམ་ཕུགས་སུ་རྒྱལ་བལྟ་ཡང་བལྟ། །རྨོངས་པ་ཁ་འཆལ་སྨྲ་བ་ལ། །མི་ལ་རས་པས་གདམས་ངག་བཤད། །དེ་ཆུ་ལན་ཆང་གིས་འཇལ་བ་ཡིན། །ངན་ལན་བཟང་གིས་སྐོར་བ་ཡིན། །བྱས་པས། སྙིང་རྗེ་བ་ལ་ཟེར་བའི་བུ་མོ་དེ་ན་རེ། ཁོང་མི་ལ་རས་པ་ཟེར་བ་དེ་ཡིན་པར་འདུག འོ་ཅག་ཀུན་རང་མཐོང་ཆེས་པས་ཁ་ནས་གང་མིན་བཅོ་བརྒྱད་ཤོར། ད་བཤགས་པ་གྱིས་ཟེར། སྨོན་ལམ་འདེབས་མཁན་གྱི་བུ་མོ་དེ་ལ་ཆེད་གཉེར་གྱིས་བསྐུལ་བས། མོས་ཀྱང་དུང་རྡོག་བདུན་ཕུལ་ནས། ཀུན་གྱིས་ཕྱག་འཚལ་བཤགས་པ་ཕུལ་ཏེ། ད་དུང་ཆོས་ཤིག་གནང་བར་ཞུ་ཟེར་བའི་ལན་དུ་གླུ་འདི་བླངས་སོ། །

རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །དབྱངས་ཆུང་དམ་པའི་ཆོས་སུ་བཤད། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །ཆོས་ངེས་དོན་མི་བྲིན་དྲང་དོན་བྲིན། །འོག་མ་དྲོས་ཀླུ་ཡི་ཕོ་བྲང་ན། །ཆོས་ཟབ་མོ་མི་བྲིན་ཟང་ཟིང་བྲིན། །བར་འཛམ་བུ་གླིང་གི་མི་ཡུལ་འདིར། །ཆོས་མཁས་པ་མི་བྲིན་རྫུན་པ་བྲིན། །དབུས་གཙང་རུ་བཞིའི་རྒྱལ་ཁམས་ན། །ཆོས་སྒོམ་པ་མི་བྲིན་བཤད་པ་བྲིན། །དུས་ངན་བསྐལ་པའི་སྙིགས་མ་ལ། །མི་བཟང་པོ་མི་བྲིན་ངན་པ་བྲིན། །བུ་མོ་འཕྱོར་མོའི་མིག་ཡུལ་དུ། །མི་རྣལ་འབྱོར་མི་བྲིན་འཕྱོར་པོ་བྲིན། །ན་ཆུང་བུ་མོའི་རྣ་བ་རུ། །ཆོས་སིལ་མ་མི་སྙན་དབྱངས་ཆུང་སྙན། །དེ་གདམས་ངག་གླུ་རུ་བླངས་པ་ཡིན། །དུང་རྡོག་བདུན་གྱི་གདབ་ལན་ཡིན། །བཤགས་པ་ཚར་བའི་དགའ་སྟོན་ཡིན། །ཞེས་གསུངས་པས། ཁོང་རྣམས་དད་པར་གྱུར་ཏེ་སོང་ངོ༌། །