སྟོན་པའི་རྣམ་ཐར་ཚིགས་བཅད་བཅོ་བརྒྱད་མ།



ཤེས་རབ་བསྟན་དར།



དང་བོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བར་དུ་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས། །མཐའ་མར་རྡོ་རྗེ་གདན་དུ་སངས་རྒྱས་པའི། །སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཐེག་ཆེན་ལུགས་ལ་འོག་མིན་སྟུག་པོ་རུ། །ངེས་པ་ལྔ་ལྡན་ངོ་བོར་སངས་རྒྱས་ཏེ། །ཆུ་ཟླ་བཞིན་དུ་ཞིང་ཁམས་རབ་འབྱམས་སུ། །མཛད་པ་བཅུ་གཉིས་སྟོན་ལ་གསོལ་བ་འདེབས། །དགའ་ལྡན་གནས་སུ་དམ་པ་ཏོག་དཀར་གྱི། །རྣམ་པར་བྱོན་ཏེ་ཆོས་ཀྱིས་ཚིམ་པར་མཛད། །མི་ཕམ་རྒྱལ་ཚབ་བསྐོས་ཏེ་གཟིགས་པ་ལྔས། །འཛམ་བུ་གླིང་དུ་བྱོན་ལ་གསོལ་བ་འདེབས། །ཟླ་བ་བཞི་བའི་ཡར་ཚེས་བཅོ་ལྔའི་མཚན། །རྒྱལ་ཡུམ་སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་དུས། །གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་གྱི། །རྣམ་པས་ལྷུམས་སུ་ཞུགས་ལ་གསོལ་བ་འདེབས། །གཉིས་པའི་ཚེས་བཅུར་གློ་གཡས་ནས་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་སྤོས་ནས། །ང་ནི་འཇིག་རྟེན་ཀུན་གྱི་མཆོག་ཡིན་གསུངས། །སྐྱེ་རྒུའི་མགོན་པོ་ཁྱོད་ལ་གསོལ་བ་འདེབས། །གཞོན་ནུ་དུས་སུ་ཡི་གེ་རྩིས་ལ་སོགས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཕ་རོལ་སོན། །སྟོབས་ཆེན་དྲེགས་ལྡན་ཁེངས་པ་འཕྲོག་མཛད་པའི། །དོན་ཀུན་གྲུབ་པའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བོ་ཟས་གཙང་མཆོག་གི་དགོངས་པ་དང༌། །བསྟུན་ནས་འཇིག་རྟེན་མཐུན་པ་སྟོན་པའི་ཕྱིར། །བཙུན་མོ་མཆོག་གྱུར་གྲགས་འཛིན་མ་ལ་སོགས། །བཞེས་ནས་ཁབ་དུ་བཞུགས་ལ་གསོལ་བ་འདེབས། །དགུང་ལོ་ཉེར་དགུར་རྒ་ན་འཆི་བ་དང༌། །དགེ་སློང་གཟིགས་ཏེ་བཞི་བའི་ཚེས་བརྒྱད་ལ། །ལྐོག་ཏུ་བྲོས་ནས་མཆོད་རྟེན་རྣམ་དག་དྲུང༌། །རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས། །ཆུ་བོ་ནེ་རན་ཛ་ནའི་འགྲམ་ངོགས་སུ། །སྙོམས་འཇུག་རོལ་ཏེ་ལོ་དྲུག་དཀའ་བ་སྤྱད། །ལེགས་སྐྱེས་མ་ཡིས་འོ་ཐུག་སྦྲང་རྩི་ཅན། །གསོལ་ཏེ་སྐུ་མདངས་གསོས་ལ་གསོལ་བ་འདེབས། །སོ་ལྔར་རྡོ་རྗེའི་གདན་དུ་བཀྲ་ཤིས་ལས། །བསླངས་པའི་རྩྭ་ཡི་སྟན་དུ་བྱང་ཆུབ་མཆོག །མ་ཐོབ་བར་དུ་གཡོ་བར་མི་བྱེད་ཅེས། །བྱང་ཆུབ་ཤིང་དྲུང་བཞུགས་ལ་གསོལ་བ་འདེབས། །བདུད་སྡེའི་མཚོན་དང་མཛེས་མའི་བསླུ་བྲིད་ཀྱིས། །བྱང་ཆུབ་སྒྲུབ་པའི་བར་ཆད་བྱས་ནའང༌། །གཡོ་མེད་ས་ཡི་ལྷ་མོས་དཔང་མཛད་ཚེ། །འདོད་ལྷའི་སྤོབས་པ་བཅོམ་ལ་གསོལ་བ་འདེབས། །དགུང་ལོ་སོ་ལྔའི་ཟླ་བ་བཞི་བ་ཡི། །བཅོ་ལྔའི་ཐུན་དྲུག་ཐ་མར་སངས་རྒྱས་ཏེ། །བདུན་ཕྲག་བདུན་ལ་ཐུགས་ལས་ཆུང་ངུ་ཡིས། །ཀུན་ཏུ་ལྗོངས་རྒྱུ་མཛད་ལ་གསོལ་བ་འདེབས། །འཇིག་རྟེན་ལྷ་ཆེན་ཚངས་པ་ལ་སོགས་པས། །གསེར་གྱི་ཆོས་འཁོར་ཕུལ་ཏེ་བསྐུལ་བ་ལས། །ཝ་ར་ན་སིར་དྲུག་པའི་ཚེས་བཞི་ལ། །བདེན་བཞིའི་ཆོས་འཁོར་བསྐོར་ལ་གསོལ་བ་འདེབས། །མ་ཡི་སྐྱེ་བར་སྨན་ཕྱིར་སུམ་རྩེན་དུ། །དབྱར་གནས་མཛད་དེ་སྐལ་ལྡན་སྨིན་པར་མཛད། །དགུ་བའི་ཉེར་གཉིས་སུམ་ཅུ་རྩ་གསུམ་ནས། །འཇིག་རྟེན་འདི་རུ་བབས་ལ་གསོལ་བ་འདེབས། །མུ་སྟེགས་སྟོན་པ་དྲུག་གི་ཕྲག་དོག་གིས། །ཆོ་འཕྲུལ་འགྲན་པར་གསོལ་བ་བཏབ་པ་བཞིན། །ཧོར་ཟླ་དང་པོའི་དཀར་ཕྱོགས་དུས་ཀྱི་ཆར། །ངོ་མཚར་ཆོ་འཕྲུལ་བསྟན་ལ་གསོལ་བ་འདེབས། །བྱ་རྒོད་ཕུང་བོར་ཤེར་ཕྱིན་མདོ་སྡེ་དང༌། །ཕྱི་ལོར་ལྷོ་ཕྱོགས་འབྲས་སྤུངས་གསང་སྔགས་གསུངས། །ཡངས་པ་ཅན་སོགས་ལེགས་ཕྱེའི་ཆོས་འཁོར་གྱིས། །གདུལ་བྱ་སྨིན་པར་མཛད་ལ་གསོལ་བ་འདེབས། །བརྒྱད་ཅུའི་དཔྱིད་ཐའི་བཅོ་ལྔར་ཀུན་ཏུ་རྒྱུ། །རབ་བཟང་འདུལ་ནས་གདུལ་བྱ་མི་རྟག་པར། །བསྐུལ་ཕྱིར་དགའ་རབ་དབང་ཕྱུག་འདུན་པ་བཞིན། །མྱ་ངན་འདའ་ཚུལ་བསྟན་ལ་གསོལ་བ་འདེབས། །དེ་ནས་ཉན་ཐོས་ཆེན་པོ་འོད་སྲུངས་དང༌། །ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་བདུན། །རིམ་པར་བྱོན་ནས་བཤད་སྒྲུབ་བསྟན་པ་མཆོག། རིམ་བཞིན་སྐྱོང་བར་མཛད་ལ་གསོལ་བ་འདེབས། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཇི་འདྲ་དང། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང༌། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།