སྨུག་སྤྲིན་བཞིན་ཡལ་བའི་མི་ཚེ།



ཏཱ་ན་བློ་བཟང་།









རླུང་བུ་བསིལ་བསིལ་ལྡང་བའི་རྟེན་འབྲེལ་ལ་དམིགས་ན། །

སྡུག་ཀུན་ཞིག་རལ་ཅན་གྱི་བསླུ་བྲིད་དེ་དྲན་ནས། །

སྐྱོ་བའི་སྨུག་སྤྲིན་རི་བོའི་ཕ་མཐའ་ལ་མཆེད་དེ། །

ལུས་ཀྱི་ཟུངས་ཁྲག་འདྲེས་མའི་མགུར་གླུ་ཞིག་ཤོར་སོང་། །



ལོ་ཟླའི་བསིལ་ཆབ་འཇིག་རྟེན་ཁུག་པ་ནས་ཐོར་དུས། །

བསམ་བློ་འཁྲུལ་འཁྲུལ་ཞིག་གི་དབྱར་གཞུང་དེ་ཡལ་སོང་། །

མི་རྟག་དངོས་པོའི་གཤིསཀྱི་ཆོས་ཉིད་ལ་དཔོག་ན། །

འཆི་བདག་ཞགས་པ་དེས་ཀྱང་བརྡ་ལན་ཞིག་སྤྲད་སོང་། །



སྒེའུ་ཡོལ་སྔོན་པོ་རླུང་གིས་ཡབ་ཡོབ་དུ་སྒུལ་དུས། །

ཆགས་སྡང་བདུད་ཀྱི་བཟུང་བའི་གཟུགས་ཕུང་འདིའི་སྟེང་ལ། །

ཞེན་ཆགས་ལོ་མ་ཐོར་བར་སྐྱེངས་སེམས་ཀྱིས་བསྡུས་ནས། །

རང་ཉིད་གཅིག་བུ་ཡིན་ཡང་ཁུམ་ཁུམ་ཞིག་བྱས་སོང་། །



འདོད་པའི་ཤྭ་འོད་རྒྱུགས་པའི་ལམ་ཆེན་འདིའི་སྟེང་ནས། །

ལང་ཚོའི་སྒྲིབ་གཡོག་རལ་བའི་བགྲེས་པོ་ཚོ་མཐོང་དུས། །

ཆགས་སྲེད་གླང་ཆེན་སྨྱོན་པ་ཕར་འཛིན་ཞིག་བྱས་ཏེ། །

ཚོགས་དྲུག་སྣང་བ་འགག་པའི་ཏིང་འཛིན་ཞིག་ཐོབ་ན། །



མགོ་སྐྲའི་ནགས་ཀློང་ཆེན་པོ་སེ་མདའ་ཡིས་བཅུམས་ནས། །

ཁྲ་ཆུང་མིག་གི་རྒྱལ་མོ་ཁྲག་མདོག་ལ་འགྱུར་ན། །

སྡོང་ལོའི་ཆུ་ཐིག་ཟེགས་འདྲའི་མི་ཚེ་ཡི་རིན་ཐང་། །

མདང་གི་རྨི་ལམ་བཞིན་དུ་རབ་རིབ་དུ་གྱུར་སོང་། །



དུ་ཞགས་དགུང་ལ་ཟུགས་ཏེ་ཀ་བ་ཞིག་བཙུགས་ན། །

མདུན་གྱི་མེ་ལྕེ་འདི་ཡང་ལྷབ་ལྷབ་དུ་འབར་ན། །

གཞོན་པའི་ལང་ཚོའི་ངར་ཤུགས་སེམས་ཁོང་ལ་ཐིམ་ནས། །

བདེ་མོའི་ཉལ་ས་ཞིག་པའི་ཕག་ཙག་ཅིག་བྱས་སོང་། །



རྟེན་འབྱུང་ཕ་མཐའ་བྲལ་བའི་ཐང་ཆེན་དུ་ལྷུང་དུས། །

མི་ཕྱེད་རྡོ་རྗེ་བྲག་རིའི་རྩེ་མོ་ལ་བུད་ནས། །

འཁོར་བའི་འགག་འཕྲེང་གཏོར་བའི་ཀི་རིང་ཞིག་བཏབ་སྟེ། །

ཟག་མེད་བདེ་བ་ཆེན་པོར་སྨོན་པ་ཞིག་ཤོར་ན། །



དམར་སེར་ཉི་མའི་དར་ཐག་རི་རྩེ་ལ་ལྡོག་ནས། །

ལྷུན་པོའི་གྲིབ་རས་དེས་ཀྱང་འཇིག་རྟེན་ལ་རྒོལ་ན། །

འདས་པའི་བྱ་བཞག་མེ་ལོང་ཧ་བཏབ་ལྟར་ཡལ་བས། །

གང་དུ་གཏད་སོ་མེད་པའི་འཇིག་རྟེན་འདི་སྐྱོ་བ། །

༢༠༡༡ ༦ ༡༣ལ།