ཧི་མ་ལ་ཡ།

ཚིག འབྲུག་ལྷ་རྒྱལ།







ཧི་མ་ལ་ཡ།

ངའི་ཡིད་ཆེས་ཀྱིས་སྒྲེང་བའི་སྤོབས་པའི་རྒྱལ་མཚན།

ངའི་དཔའ་སྙིང་གི་མགོ་བོ་མཐོན་པོ།

ལོ་ངོ་ཁྲི་སྟོང་གི་གྲང་ལྷག་བསྲན་ནས།

སྲིད་པའི་སྤྱི་གཙུག་ན་སྟོབས་ཀྱིས་འགྲེང་ཡོད།

རླུང་རྟ་གྲངས་མེད་གངས་རྩེ་ནས་བསྐྱོད་དུས།

ཀི་བསྭོ་ལྷ་རྒྱལ་གྱི་དཔུང་པ་སྦོམ་པོ།

སུམ་གཉིས་ས་ཡི་དཀྱིལ་འཁོར་དུ་བསྲིངས་ཡོད།

ཨོ། ཧི་མ་ལ་ཡ།

ཁྱོད་ཀྱི་རང་བྱུང་རྡོ་རྗེའི་རྔམ་ཟིལ་ལས།

ངའི་མགོ་བོ་མི་དུད་པའི་དམ་བཅའ་རྙེད་ཡོད།

ཧི་མ་ལ་ཡ།

ཉམས་མེད་ཀྱི་དཔའ་གདེང་།

བློ་སྤོབས་ཀྱི་མགོ་བོ།



ཧི་མ་ལ་ཡ།

ངའི་ལྷག་བསམ་གྱིས་སྤུངས་པའི་འོ་མའི་ལྷུན་པོ།

ངའི་ཡིད་གཞུང་གི་ཁ་དོག་དཀར་པོ།

ལོ་ངོ་ཁྲི་སྟོང་གི་བདེན་པ་སྲུང་ནས།

སྲིད་པའི་སྤྱི་གཙུག་ན་འོད་ཀྱིས་འགྲེང་ཡོད།

དར་ལྕོག་གྲངས་མེད་རླུང་གིས་སྐྱོད་དུས།

དབྱངས་གསལ་སོ་བཞི་ཡི་སྨོན་ལམ་དག་མོ།

འགྲོ་དྲུག་བདེ་བའི་དགེ་བ་རུ་བསྔོས་ཡོད།

ཨོ། ཧི་མ་ལ་ཡ།

ཁྱོད་ཀྱི་རང་བྱུང་ཤེལ་གྱི་ངོ་བོ་ལས།

ངའི་སེམས་གཤིས་མི་འགྱུར་བའི་དམ་བཅའ་རྙེད་ཡོད།

ཧི་མ་ལ་ཡ།

ལྷད་མེད་ཀྱི་བྱམས་སེམས།

མི་གཤིས་ཀྱི་འོད་སྣང་།