ཨ་ཅེ་ཡག་མ་ཞིག

ལྡོང་་སྨིན་དྲུག

ན་བུན་ལང་ལོང་གི་དབུས་ནས། །

གཡུ་འབྲུག་ལྡིར་ལྡིར་དུ་གྲགས་བྱུང༌། །

འཇའ་ཚོན་ལམ་ལམ་གྱི་ཞགས་པ། །

སྦྲང་ཆར་ཟིམ་ཟིམ་ལ་འཁྱུད་སོང༌། །

ས་གཞི་ནེམ་ནེམ་ཏུ་གྱུར་ཐལ། །

ཁོར་ཡུག་འཇམ་འཇམ་ཏུ་གྱུར་བ། །

མཁའ་དབུགས་དྭངས་དྭངས་སུ་སོང་བས། །

སྣང་བ་སྐྱིད་སྐྱིད་ལས་མི་འདུག།

སེམས་པ་སྟོང་སྟོང་འདི་དྲན་ནས། །

ཕྱི་ལ་འཆམ་འཆམ་དུ་འཁྲེང་དུས། །

ནམ་ཟླ་གྲང་གྲང་ཅིག་འདུག་པས། །

ཁ་ནས་ཧུ་ཧུ་ཞེས་ཤོར་སོང༌། །

རྒྱ་ལྕང་ལྕུག་ལྕུག་ཏུ་གཡོ་ཞིང༌། །

འདབ་མ་ལྡེམ་ལྡེམ་ཏུ་བསྐྱོད་པ། །

བྱ་བྱེའུས་ཀྱུར་ཀྱུར་དུ་སྒྲོག་ཅིང༌། །

ཁུ་བྱུག་སིང་སིང་འདི་སྙན་པ། །

གོམ་པ་དལ་དལ་ཅིག་སྤོས་ཏེ། །

མིག་ཟུང་རིག་རིག་གིས་ལྟ་བཞིན། །

ཟམ་ཆེན་མཐོ་མཐོ་ཐོག་བགྲོད་ཚེ། །

མགོ་དཀྲིས་དམར་དམར་ཅིག་མཐོང་བྱུང༌། །

ཞལ་རས་སྒོར་སྒོར་གྱི་ཟླ་བ། །

མཆུ་སྒྲོས་ལྷུག་ལྷུག་ཏུ་དགོད་པ། །

ནུ་འབུར་ལྷེམ་ལྷེམ་གྱིས་འདར་བ། །

རྐེད་པ་ལྡེམ་ལྡེམ་གྱིས་འགུལ་བ། །

མིག་གིས་ཟུར་མདའ་ཤིག་འཕངས་མོད། །

མིག་གིས་མ་མཐོང་ཁད་བྱས་ཐལ། །

མིག་གིས་ཡང་ཡང་ཞིག་བལྟས་པས། །

མིག་ལ་ཨ་ལན་ཤིག་མ་བྱུང༌། །

སེམས་ནས་སྙིང་གཏམ་བཤད་འདོད་ཀྱང༌། །

སེམས་ཀྱི་སྤོབས་པས་རང་མི་ལོངས། །

སེམས་ཀྱིས་མི་བཤད་ཅིག་བསམ་ཡང༌། །

སེམས་པས་བསྐྱུར་ཐབས་ཤིག་མི་འདུག།

སྟོང་སྟོང་འཇིག་རྟེན་གྱི་ཁམས་ན། །

འདོད་འདོད་བརྩེ་བ་རྫོགས་མེད་ཀྱང༌། །

དུངས་དུངས་ཕོ་མོ་ཡི་བརྩེ་དུངས། །

འགྲན་འགྲན་ཟླ་བོ་ཤིག་མི་འདུག།

སྣ་མང་ཚོང་ཁང་གི་ནང་ནས། །

སྣ་འདུས་ཨ་རག་ཤིག་འཐུང་རྗེས། །

སྣ་མའི་མེ་ཏོག་ཤིག་བླུས་ཏེ། །

སྣ་ལ་ལེགས་སྐྱེས་སུ་གནང་ཡོད། །

ཨ་ཅེ་འཁྲེང་སེམས་ཤིག་ཡོད་ན། །

ཨ་བུ་སེམས་ལ་ཅིག་འཁོར་རོགས། །

ཨ་ལྕེ་ཕྱི་ཐག་རིང་ལྡན་ན། །

ཨ་ཙི་མེ་ཏོག་འདི་ལེན་རོགས། །

ཧ་ཅང་མང་པོ་ནི་མི་ལབ། །

ཧ་ལམ་དེ་འདྲ་ཞིག་ཡིན་པ། །

ཧ་ལོ་ལྟ་བུ་ཡི་གཤིས་ཀ།

ཧ་ཧ་བདག་ལ་རང་མེད་དོ། །

དེ་སྐད་བརྗོད་མ་རང་ཐག་ཏུ། །

དེ་འཕྲལ་འཛུམ་མདངས་ཅིག་བསྟན་བྱུང༌། །

དེ་བཞིན་ལག་ཟུང་ཚུར་བསྲིངས་ནས། །

དེ་ཡི་མེ་ཏོག་ལ་འཇུས་བྱུང༌། །

དཀར་དམར་མདངས་ལྡན་གྱི་ལག་པ། །

ལྷོད་འཇམ་མཉེན་ཤ་ཞིག་ལྡན་ཞིང༌། །

ལྷོད་འཇམ་ཚིག་གསུམ་གྱི་སྐད་ཆ། །

དཀར་དམར་སྒྲ་འཛིན་དུ་སྙན་བྱུང༌། །

འགྲམ་པའི་མཁུར་མཚོས་འདི་ཡག་གི། །

གསེར་གྱི་རྣ་ལུང་འདི་ཡག་གི། །

དཀར་པོའི་དུང་སོ་འདིའང་ཡག་གི། །

སྐྱེས་གཟུགས་དེ་ལས་ཀྱང་ཡག་གི། །

ཚེ་རོགས་ཡོད་དམ་ཞེས་དྲིས་ཚེ། །

མེད་པའི་ཨ་ལན་རང་གནངས་བྱུང༌། །

ཚེ་འདི་བཙལ་རྒྱུ་རང་ཡིན་ཚེ། །

གཏན་གྲོགས་ང་ཡིས་ཀྱང་བྱས་ཆོག།

མགོ་བོ་ནང་གུག་གི་བསམ་བློ། །

བློ་ཡིས་རྗེས་དཔག་ཅིག་བྱས་ཚེ། །

ཚེ་གཅིག་གཏན་གྲོགས་ཀྱི་དོན་ལ། །

ལ་མོར་འཐད་པ་རང་ཡིན་པ། །

ནུབ་ཁའི་མཚམས་སྤྲིན་གྱི་རླུང་བུས། །

ནུབ་མོའི་འཇིག་རྟེན་འདི་བསུས་འོངས། །

གྲིབ་མ་མག་མོག་གི་དབུས་ན། །

གྲིབ་གཟུགས་རིང་ཐུང་གཉིས་འགུལ་འདུག།

༢༠༠༩ལོའི་ཟླ༡༢ཚེས༡༥ཉིན་སྐྱུགས།