ཨ་མཚར་མཚར་དགུའི་བརྒྱད་པ།

ཞོགས་དུང་།

བོད་ཀྱི་མི་རྣམས་ནི་ལས་ལ་བརྩོན་ཞེས་ཀུན་གྱིས་བརྗོད་ཀྱང༌། ལྷ་ས་ནས་དེ་ལྟར་མ་མཐོང་བ་ནི་ཨ་མཚར་མཚར་དགུའི་བརྒྱད་པ་ཡིན།

ལྷ་ས་ནི་འུ་ཚོའི་བསྡུས་གཟུགས་དང་ལྷ་སའི་དར་རྒུད་ནི་འུ་ཚོའི་སྲོག་རྩར་ཐུག་པའི་གནད་ཡིན་ཞེས་བཤད་ཆོག གནས་བབ་འདི་འདྲའི་འོག་ཏུ་གལ་སྲིད་རྒྱལ་ཕམ་གྱི་མཚན་གཞི་ཞིག་འཚོལ་བའི་དབང་དུ་བཏང་ན་དེ་ནི་དཔལ་འབྱོར་དར་མ་དར་བའི་ཚད་དེ་འཇོག་དགོས་པར་འདོད། ཡོད་ཚད་དཔལ་འབྱོར་གྱིས་ཐག་ཆོད་པའི་ལྟ་བ་ལྟར་ན། ཡོད་ཚད་དཔལ་འབྱོར་གྱིས་ཐག་ཆོད་པའི་ཚུལ་ནི་འབྱོར་ལྡན་གསོན་ལ་འབྱོར་མེད་ཤི་བ་དང་སྟོབས་ཅན་འཚོ་ལ་སྟོབས་མེད་འཇིག་པའི་གནས་ལུགས་དེ་ཡིན་པ་འདྲ། འོ་ན་དཔལ་འབྱོར་སྐྲུན་བྱེད་ནི་གང་རེད་ཟེར་ན། དེ་ནི་ཚན་རིག་ལག་རྩལ་དང་བཟོ་ཞིང་ཕྱུགས་ལས། གཏེར་ཁ་ཐོན་ཁུངས་སོགས་ལས་རིགས་ཆེནཔོརྣམས་དར་དགོས་པ་དེ་རེད། འུ་ཚོར་དེ་དག་ལྟ་ཞོག་ཐ་ན་རྒྱུན་མཁོའི་དངོས་ཟོག་ཉོ་ཚོང་དང་ལག་ཤེས་བཟོ་ལས། ཞབས་ཞུའི་ལས་རིགས་སོགས་ཀྱང་མ་ལག་ཆ་ཚང་དར་ཡོད་པ་མ་རེད། འདིར་ཀུན་ལ་འབྲེལ་ཆེ་བའི་ཞབས་ཞུའི་ལས་རིགས་དང་ཀུན་ལ་རྒྱུས་ཆེ་བའི་བར་སྐོར་གྱི་ཚོང་ཟོག་ཉོ་ཚོང་གི་གནས་ཚུལ་ལགཞིགས་ཏེ་བཤད་ན།

ལྷ་སའི་སྲང་ལམ་དུག་ལེར་ཕྱིན་དུས། ཟ་ཁང་དང་མགྲོན་ཁང༌། ཚོང་ཁང་སོགས་ཕྲེང་ལ་བསྟར་ཞིང་ག་ས་གང་ལ་མཐོང་དུ་ཡོད། དེ་དག་ལས་ཁྱོན་ཆེ་བའི་རིགས་ཀྱི་བདག་པོ་ནི་བོད་མི་མིན་པ་ཁོ་ཐག་རེད། བོད་མིས་གཉེར་བའི་ཟ་ཁང་སོགས་ནི་རྒྱ་ཆུང་ལ་གསལ་ཆ་མེད་ཅིང་མཛེས་བཟོ་ཞན་པར་མ་ཟད་བོད་དྲི་(ཚི་མར་ཞག་གསུམ་གྱི་དྲི)འཐུལ་ལེར་འདུག ད་དུང་ཡིག་ནོར་གཡག་རོའདྲ་བ་རེ་བརྒྱབ་པའི་སྒོ་བྱང་ཆུང་བ་ཞིག་ཀྱང་བཀལ་འདུག སྦྱངས་པ་མ་ཐོབ་པས་ཞབས་ཞུའི་རྣམ་འགྱུར་ཡང་ལེགས་པོ་མེད། གླ་སྤྱོད་རླངས་འཁོར་ལྔ་དང་རྐང་འཁོར་འཁོར་གསུམ་མ་ལྔ་ལ་བསྡད་ཀྱང་བོད་པའི་ཁ་ལོ་བས་ལྔ་ཆའི་གཉིས་ཟིན་པ་ཙམ་རེད། བོད་མིས་གཉེར་བའི་ཟ་མགྲོན་ཚོང་ཁང་ལེགས་པོ་འགའ་འདུག་ཀྱང་དེ་དག་གཞན་དང་བསྡུར་ན་བསྡུར་ཚད་ཤིན་ཏུ་ཉུང༌།

བར་སྐོར་དུ་ཕྱིན་དུས། བལྟས་མ་ཐག་ཚོང་ཁང་ཐམས་ཅད་བོད་པས་ཕྱེ་ཞིང་ཚོང་ཟོག་ཐམས་ཅད་བོད་པས་བཟོས་པའི་སྣང་བ་སྟེར་ཡང་ཞིབ་ཏུ་དཔྱད་ན། བཟའ་བར་རུང་བའི་ཤ་མར་ཐུད་གསུམ་དང་གྱོན་དུ་རུང་བའི་སྣམ་ཕྲུག་སོགས་དངོས་རིགས་རེ་གཉིས་མ་གཏོགས་ཡོད་ཚད་གཞན་གྱིས་ལས་སྣོན་དང་བཅོས་བཟོ་བྱས་པ་ཤ་སྟག་རེད། ལྷ་ཆས་མཆོད་ཆས་ནས་མཛེས་རྒྱན་འདོགས་ཆ་བར་དང༌། བཟའ་བཅའ་བཏུང་བ་ནས་ལྭ་བ་གྱོན་ཆས་བར་གྱི་དངོས་ཟོག་ཆེ་ཆུང་གང་ཡང་ཕལ་ཆེ་བ་རྒྱ་གར་རྒྱ་ནག་བལ་པོ་སོགས་ནས་ཐོན་པའི་རྫུས་ཞེར་ཚོང་རྫས་ཤ་སྟག་རེད། ཐ་ན་བོད་མིས་ཉིན་རེ་བཞིན་ལག་ལེན་བྱེད་ཅིང་ཚེ་གང་བོར་ཁ་ཐུག་ལག་ཐུག་ཏུ་མཁོ་བའི་མཆོད་མར་དང་ཁ་བཏགས་བདུག་སྤོས་དག་ཀྱང་གཞན་གྱིས་ལས་བཟོ་མ་བྱས་པ་མེད།

འུ་ཚོ་འདི་ལྟར་ཚོང་ལས་ལ་མི་དགའ་བ་ནི་མི་རྣམས་རྒྱུ་འབྱོར་པར་མི་དགའ་བའི་རྐྱེན་ཡིན་ནམ། མ་ཡིན་ཏེ། བླ་སྤྲུལ་སྐུ་དྲག་ནས་མི་སེར་ཕལ་པ་སུ་ཡིན་ཀྱང་སྒོར་མོ་མཐོང་ཚེ་འཛུམ་མདངས་དམུལ་དམུལ། མགོ་བོ་ཀྲོག་ཀྲོག ཧམ་པ་རིལ་རིལ་དུ་འགྱུར་བ་མ་ཡིན་ནམ། དོན་གྱིས་མི་རྣམས་ལ་ཆོས་ཀྱི་སོས་དལ་བག་ཕེབས་ལས་གཞན། ལེ་ལོ་དང༌། སྒྱིད་ལུག རྣམ་གཡེང༌། བག་མེད་ཀྱི་སེམས་བྱུང་ཆེ་བས་རེད།

དེའི་མཚོན་བྱེད་གཙོ་བོ་ནི་ཀུན་གྱིས་མཐོང་བའི་ལྷ་སའི་སྤྲང་ཚོགས་རེད། ཉི་མའི་གྲོང་ཁྱེར། རྡོ་ཡི་གྲོང་ཁྱེར། སྤྲང་པོའི་གྲོང་ཁྱེར་དུ་ཡང་འབོད་རུང་བའི་ལྷ་སའི་གྲོང་ཁྱེར་དུ་སུ་ཞིག་ཐེངས་དང་པོར་སླེབས་པའི་བག་ཆགས་གཙོ་བོ་གཅིག་ནི་སྤྲང་པོ་ཁ་དར་འདུག་པའི་སྣང་ཚུལ་དེ་ཡིན་གྱི་རེད། མཇལ(ལྟ)སྐོར་པ་ཚོ་གཙུག་ལག་ཁང་དང་དགོན་པ་གང་ལ་ཕྱིན་ཀྱང་ཕོ་མོ་རྒན་གཞོན་གྱི་སྤྲང་པོ་རྣམས་གར་ཡོང་འདིར་ཡོང་མེད་པར་མ་ལ་བུ་འཁོར་བ་བཞིན་འདུ་རུབ་བྱེད་ཅིང་། སླེབས་པ་སྔ་གཞུག་བརྩད་དེ་ངག་ལས།“སྐུ་མཁྱེན། སྐུ་མཁྱེན། སྒོར་མོ། སྒོར་མོ”ཟེར་བའི་གྭདངས་དང་བསྟུན་ནས་སྤྲང་ལག་ཡར་བཟེད་འདེགས་ཙམ་འདེགས་ཙམ་བྱེད། མཚམས་ལན་རེར་ཨོག་མར་རེག་ཙམ་བྱེད་ཅིངཉམ་ཆུང་སྤྲང་མིག་གིས་ལྟ་བཞིན་ཞུ་བ་ཡང་ཡང་བྱེད། གལ་ཏེ་ཟུར་ཙེ་མ་སྤྲད་པའམ་སྤྲད་པ་མ་ལྡང་ན་བྱིས་པ་དག་གིས་མཇལ(ལྟ)སྐོར་བའི་ལྭ་བའི་ཕུ་ཐུང་དང་ཐ་ན་རྗེ་ངར་ལ་འཐམས་ཏེ་འགྲོ་རྡོག་མི་སྟེར། སྤྲང་པོ་བགྲེས་སོང་རྣམས་དགོན་པ་དག་གི་གྱང་རྩར་ཙོག་པུར་བསྡད་དེ་མ་ཎི་འདོན་ཞོར“ཨོ་མ་ཎི་མོ་ཙེ་མོ་ཙེ་པདྨེ་ཧཱུཾ་མོ་ཙེ་མོ་ཙེ”ཞེས་ཡང་ཡང་ཟློ་བཞིན་སྤྲང་ལག་སྲིང་བར་བྱེད། སྤྲང་པོ་དེ་འདྲ་ག་ས་གང་དུའང་མཐོང་རྒྱུ་འདུག ཁོ་ཚོས་ལས་ཀ་ཅི་ཡང་མི་བྱེད་པར་གཞན་གྱི་རྒྱུནོར་སློང་བ་དེ་ངོ་ཚ་ཞིག་ཏུ་བསམ་པ་ལྟ་ཞོག ཕལ་ཆེར་གོམས་སྲོལ་དུ་ཆགས་ཡོད་པའི་བཟོ་འདུག ཅི་ཡངམི་བསམ་ཅི་ཡང་མི་བྱེད་པའི་སྤྲང་ཚོགས་དེ་ཡང་ཕུགས་དེད་ན་ཆོས་ལུགས་རིག་གནས་ཀྱིས་བསྐྱེད་པར་འདོད། ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་པ་ཞེས་པ་ལྟར། མཆོད་པ་དང་སྦྱིན་པ་གཉིས་ཀྱི་ཕན་ཡོན་འདྲ་མཉམ་ཡིན་པའི་ཆོས་ལུགས་ཀྱི་ལྟ་བ་དེའི་རྐྱེན་གྱིས་རྟགས་ཙམ་འཛིན་པའི་ཆོས་ལུགས་པ་དག་གིས་སྦྱིན་པའི་ཕན་ཡོན་ཅི་ལྟར་གསུངས་པ་དེ་བཞིན་དུ་ན་ཚ་སོགས་དཀའ་སྡུག་ལ་འཕྲད་པའི་མི་རྣམས་ལ་སྤྲང་ཟས་ཟ་དགོས་པའི་རིམ་གྲོ་སྐུལ། ཡུན་རིང་འགོར་བ་ན་མི་རྣམས་གཅིག་ལྟ་གཅིག་གིས་སློང་མོར་འགྲོ་ཞིང་ཐ་ན་སྡེ་བ་ཡོངས་རྫོགས་སྤྲང་པོར་ཆགས་ཏེ་མུ་ཏོ་བའི་ཚོགས་རྒྱས་སྐད། དེ་ལྟར་ལེ་ལོ་དང་སྒྱིད་ལུག་གི་ཚབ་ཚིག་ཏུ་གྱུར་ཅིང་རྣམ་གཡེང་དང་ཁྲེལ་མེད་གཟུགས་ཅན་དུ་རྒྱུ་བའི་སྤྲང་པོ་རྣམས་གང་སར་བག་མེད་དུ་ཉལ་ཞིང་སོས་དལ་དུ་རྒྱུ། རང་ལ་ངོ་ཚ་ཞིང་གཞན་ལ་ཁྲེལ་བའི་ཞབས་འདྲེན་གྱི་སྤྲང་ཚོགས་ནི་ཞབས་འདྲེན་རིག་གནས་ཀྱི་འབྲས་བུ་སྟེ། དེ་དག་ལ་རྒྱུ་ནོར་ཅི་ཙམ་བྱིན་ན་ཁོ་ཚོ་དེ་ཙམ་ལེ་ལོར་འགྱུར་བས་དངོས་གནས་དམིགས་བསལ་མིན་ཚེ་ལེ་ལོ་སོགས་སྐྱེད་བྱེད་ཀྱི་སྦྱིན་པ་མི་གཏོང་བའི་གྲོས་འདེབས་པ་ཡིན།

ལེ་ལོ་ཆེ་བ་སོགས་ཀྱི་སྒྲུབ་བྱེད་ད་དུང་འདི་ལྟར་ཡོད་དེ། ནམ་ཞིག་ལས་ཁུངས་ཤིག་ལ་རླངསའཁོར་ཞིག་ཉོས་པ་ན། བོད་མི་འགོ་པ་ཆུང་ཆུང་དེས་ད་ནས་བཟུང་ཁོ་འགོ་པ་མི་བྱེད་དེ་ཁ་ལོ་པ་བྱེད་དོ་ཟེར་ནས་ཉིན་རྒྱུན་རླངས་འཁོར་རྒྱུག་སོང་བ་དང༌། ཡང་འཇར་པན་པ་ཞིག་གིས་བོད་ལ་རོགས་བྱེད་དོ་སྐད་ཀྱིས་ས་ཆ་ག་གེ་མོར་ལྦུ་ཆང་བཟོ་གྲྭ་ཞིག་བཙུགས། ལག་རྩལ་པ་འཇར་པན་གྱི་མི་ཡིན་པ་མ་གཏོགས་བདག་གཉེར་པ་དང་ལས་བཟོ་བ་ཐམས་ཅད་བོད་མི་ཡིན་སྐད། ལྦུ་ཆང་ཐོན་སྐྱེད་བྱས་པའི་ཉིན་དང་པོ་དེར འཇར་པན་གྱི་ལག་རྩལ་པ་ཕུད་པའི་མི་མཐོ་དམའ་ཀུན་གྱིས་དགའ་སྟོན་རྟེན་འབྲེལ་ཞུ་ཟེར་ནས་ཝུ་ཆང་ལ་རོལ་ཏེ་ར་བག་མེད་དུ་བཟི་སྐད། འཇར་པན་པས་བོད་རྣམས་ནི་རེ་བ་མེད་པར་མ་ཟད་སྐྱོབ་ཐབས་ཀྱང་མེད་པའི་མི་རིགས་ཤིག་རེད་ཟེར་ཏེ་ལོག་ཅིང༌། རྗེས་སོར་ལས་མཐའ་མ་འཁྱོངས་པས་བཟོ་གྲྭའི་སྒོ་བརྒྱབ་སོང་ཞེས་གཞན་གྱི་དེབ་ཏུ་བཀོད་འདུག དོ་སྣང་མ་བྱས་པ་མ་གཏོགས་དཔེ་དེ་འདྲ་ནི་བོད་ཡུལ་ཀུན་ཏུ་མཐོང་ཐོས་གང་མང་འབྱུང་རྒྱུ་འདུག མི་རྣམས་འདི་ལྟར་ལེ་ལོ་རྣམ་གཡེང་བག་མེད་དུ་སྡོད་པར་མོས་པ་ནི་ཡུལ་དུས་གནས་བབས་སོགས་ཀྱི་རྐྱེན་ཡིན་ལ་ཁྱད་པར་དུ་ཆོས་ལུགས་རིག་གནས་ཀྱིས་བསྐྱེད་པར་འདོད། ཚོང་སོགས་དཔལ་འབྱོར་གཉེར་བ་ནི་སངས་རྒྱས་ཆོས་ལུགས་པའི་དགག་བྱ་ཡིན་ཕྱིར། དཔལ་འབྱོར་གཉེར་ཚེ་ཆོས་ལ་གནོད་པར་དོགས་ཤིང་ཆོས་ལུགས་གང་ཞིག་སྲུང་བ་ལ་དཔལ་འབྱོར་དར་བ་འགོག་དགོས་པའི་བསམ་བློ་བཅངས་འདུག མ་འགྱངས་པའི་སྔོན་ལ་ཟི་ལིང་དུ་དབུས་པ་ཞིག་དང་ལབ་གླེང་བྱས་དུས། ང་ཚོས་གཞན་དང་འགྲན་རྩོད་ཀྱིས་ཚོང་དང་ཚོང་གི་རིག་གནས་སྦྱངས་ཏེ་དཔལ་འབྱོར་གཉེར་དགོས་ཚུལ་བརྗོད་པ་ན། དབུས་པ་དེས་འུ་ཚོས་ཚོང་གི་ཆ་ནས་གཞན་རིགས་དང་འགྲན་རྩོད་བྱས་ཀྱང་ཁོ་ཚོའི་ཟླ་ལ་མི་སླེབས། བརྒྱ་ལ་ལམ་ལྷོངས་བྱུང་ནའང་འདྲ་མཉམ་ཙམ་ལས་མི་ནུས། དེ་ལས་ད་མུས་བཞིན་རིག་གནས་འདི(གཙོ་ཆེར་ཆོས་ལུགས་ལ་གོ་དགོས)སྲུང་བས་དགའ་སོགས་ཟེར། སྒྱིད་ལུག་རྙིང་ཞེན་གྱི་བསམ་བློ་དེ་ནི་བོད་མི་ཕལ་པ་ལྟ་ཞོག་ཡོན་ཏན་པའི་སྡེ་ནའང་གཙོ་རྒྱུགས་བསམ་བློར་འདུག་ཅིང་ཁོ་བོས་སྐབས་དང་སྐབས་སུ་ཐོས་པ་བྱུང༌། སྒོ་ཞིང་གྲུ་བཞི་གཅིག་དང་གཡག་ལུག་ར་ཕག་འགའ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་པའིདུས་རབས་སྔར་ནས་འདས་ཟིན་ཕྱིར། འཛམ་གླིང་གི་རླབས་རྒྱུན་དུ་གྱུར་པའི་ཚོང་རའི་དཔལ་འབྱོར་བསྐྲུན་པའི་སེམས་ཤུགས་འདི་ཙམ་ཡང་མེད་ན། ཁེ་དབང་གཞན་དག་རྩོད་པའི་སྙིང་སྟོབས་འཆར་མིན་ནི་སྨོས་མ་དགོས་པ་ཞིག་རེད། ཆོས་ལུགས་སོགས་མི་རིགས་ཀྱི་ཁེ་ཕན་གང་ཡང་སྲུང་སྐྱོབ་འདོད་ན་ནི་མི་བུའི་སྙིང་སྟོབས་ཀྱི་རྒྱབ་རི་བཙན་པོ་ཞིག་དགོས་པ་གཞིར་བཞག་སྟེང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཞིག་དགོས་ཞེས་ཁོ་བོས་ཚིག་ཐག་བཅད་དེ་བཤད།

མིག་སྔའི་གནས་ཚུལ་ནི། དཀོར་ཟན་ཚོགས་པའི་བླ་སྤྲུལ་དང་གྲྭ་པ་ཕལ་ཆེར་གྱིས་མི་སེར་ཤ་རོ་ཆགས་པའི་ལག་ཟུང་ལ་གཟིགས་ཏེ་འབྱོར་པ་ཨེ་ཐོབ་ལ་རེ་ཡང་ཕྱུག་པོ་ཆགས་པ་མ་མཐོང༌། ཁེ་ཕན་ཚོགས་པའི་དཔོན་པོའི་གྲས་ཀྱིས་བྲན་གཡོག་ཡར་ལངས་ཀྱི་ང་རྒྱལ་ཆེན་པོས་སྤྱི་གཞུང་གི་རྒྱུ་འབྱོར་ལྐོག་བརྔན་ཟ་ཡང་མཐའ་མཇུག་འཁྱོངས་མིན་མི་ཤེས། མིག་རྒྱང་ཐུང་བའི་ཡོན་ཏན་པ་ཕལ་ཆེར་གྱིས་གོ་ཐོབ་ཆུང་ངུ་རེ་སེམས་ནས་གོང་མ་རྣམས་ལ་ཁ་གསག་ངོ་དགར་འབད་ཀྱང་བྱིན་རླབས་རྟག་མིན་སུས་ཤེས། སེར་སྣ་ཅན་གྱི་ཚོང་པ་མང་པོས་གནའ་རྫས་ཐམས་ཅད་ལྐོག་ཚོང་བརྒྱབ་སྟེ་འུ་ཚོའི་ནང་རྫོངས་སྟོངས་པར་བྱེད་ཀྱ་ངདཔལ་འབྱོར་ཞེས་པ་དེ་ག་ལ་ཡིན། རང་ཁ་གསོ་བའི་མི་སེར་རྣམས་ཀྱིས་ཚད་མེད་ཀྱི་ལོ་ཡི་ཁོར་མོར་ཚད་ཅན་གྱི་ཁབགསོག་འབིག་གསོག་བྱས་ཀྱང་འབྱོར་པ་ཅན་དུ་ཅིགལྟར་འགྱུར།

འདི་ལྟའི་མུ་ལ་ཡུན་རིང་དུ་ལུས་ཚེ་མི་རྣམས་ཆོས་སྲིད་ཀྱི་དབང་དྲག་གི་བྲན་དུ་གྱུར་པ་ཇི་བཞིན་འབྱོར་པའི་བྲན་དུའང་འགྱུར་ཉེན་ཆེ་སྟེ། ཁོ་བོ་མེ་འཁོར་ལས་ཕྱིར་ལྡོག་སྐབས། ཁད་ཉེ་བར་སྡོད་པའི་རྒྱ་རིགས་བུད་མེད་ཅིག་གིས་ཁྲོ་སྐད་ཆེན་པོས་ཟེར་དོན། འཇར་པན་མིའུ་ཐུང་པ་①དེ་ཚོ་ང་ཚོའི་པོ་ཏ་ལར་ལྟ་སྐོར་དུ་ཕྱིན་དུས་ཁ་ཐུམ་བརྒྱབ་འདུག② ང་ཚོའི་གནསམཆོག་ཏུ་ཁ་ཐུམ་རྒྱག་དོན་ཅི་ཡིན།

ང་ཚོའི་པོ་ཏ་ལ་དེ་འདྲ་བཙོག་པར་བསམས་ན་ཁྱོད་ཚོ་མ་ཕྱིན་ཀྱང་ཆོག འཇར་པན་མིའུ་ཐུང་པ་ཚོ་ཅི་ཡང་མིན། ཁོ་ཚོར་ཡ་མཚར་རྒྱུ་ཅི་ཡོད་སོགས་ལབ་པ་ཐོས།①

①འཇར་པན་འདྲེ་དམག་ཅེས་པའི་དེ་སྔའི་སྡིག་མིང་དེ་ད་ལྟའི་འཇར་པན་མིའུ་ཐུང་དུ་བསྒྱུར་འདུག

②ཚུལ་དེ་ངས་ཀྱང་མཐོང་མྱོང་།

ང་ཚོ་ང་ཚོ་ཟེར་བའི་མི་དེ་རྣམས་ནི་ལྡོམ་ནས་འོངས་པའི་ཚོང་པ་ཆུང་ཆུང་ཡིན་སྲིད་ལ་མྱུལ་ནས་འོངས་པའི་ཚོང་པ་ཆེན་པོ་ཡིན་ཀྱང་སྲིད། ཡང་ན་བོད་མིས་གདན་དྲངས་པའི་པོ་ཏ་ལའི་བདག་པོ་གསར་པ་ཡིན་ཀྱང་སྲིད། གལ་སྲིད་གོང་གི་ངབུས་པ་དེས་བཤད་པ་ནང་བཞིན་དུ་བསྡད་དེ་ཐབས་བཀོད་གང་ཡང་མ་འཐེན། བརྩོན་པ་ཅི་ཡང་མ་བསྐྱེད། སྐྱིད་པོ་གཏོང་བ་ཁོ་ནས་དུས་འདས་ཚེ། ནམ་ཞིག་བོད་རྣམས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ལ་ང་ཚོ་ང་ཚོ་ཟེར་མཁན་དེ་རྣམས་ཀྱི་རྒྱུ་གཡོག་ཏུ་མི་འགྱུར་གྲང༌། འདོད་ཆུང་ཆོག་ཤེས་ཆེ་ན་ལེགས་ཀྱང་འདོད་ཆེན་ཆོག་ཤེས་མེད་པའི་མི་རྣམས་ཀྱི་ཁ་རྩ་ལག་རྩ་རུ་ཁྱོད་ཀྱི་རིན་ཐང་ལྟ་ཚུལ་དེའི་རིན་ཐང་ག་འདྲ་ཡིན་ནམ། འདོད་ཆུང་ཆོག་ཤེས་ཆེ་བའི་མི་རིགས་འདི་བྲན་གཡོག་སྤྱི་ཚོགས་ནས་ཧོལ་རྒྱུག་ཐོད་བརྒལ་བྱས་ཏེ་དུས་ཡུན་རིང་པོ་མ་ལོན་པས་གཡོག་གླ་ཙམ་གྱིས་ཡིད་ཚིམ་པརའགྱུར་སྲིད་མོད། བོད་ཧྲིལ་པོ་གཞན་གྱི་རྒྱུ་གཡོག་ཏུ་གྱུར་པའི་གནས་སྐབས་དེ་སུའི་བློ་ངོར་ཤོང་ཨང༌། དཔལ་འབྱོར་སྤྱི་

①གསལ་བཤད། རིག་དངོས་གནའ་རྫས་བསྟར་ལ་བསྒྲིགས་པའི་ཁང་པར་འཛུལ་དུས་ཁ་ཐུམ་རྒྱག་པ་ནི་ཤེས་བྱ་དང་དཔལ་ཡོན་ལྡན་པའི་མིའི་སྤྱོད་སྟངས་ཤིག་ཡིན་གྱི་རེད། དེས་གཅིག་ཏུ་མིའི་ཁ་རླངས་ཀྱི་དུག་གམ་འབུ་ཕྲས་རིག་དངོས་གནའ་རྫས་ལ་གནོད་པ་འགོག་ཅིང་། གཉིས་སུ་རིག་དངོས་གནའ་རྫས་ཀྱི་དུག་གམ་འབུ་ཕྲས་མིའི་ལུས་པོ་ལ་གནོད་པ་མི་འབྱུང་བའི་གོ་ཆོད་ངེས་ལ། ཚིལ་དང་མར་གྱི་དྲེག་དྲི་སྣོམ་པ་ཁོག་ཕྱིར་དུའང་ལོས་ཡིན་སྙམ་པ་ཁོ་བོས་ཚོད་དཔག་བྱས་པ་ཡིན། ཕྱོགས་གཉིས་ཀའི་གནོད་པ་སྲུང་བྱེད་ཀྱི་ཁ་རས་དེ་རྒྱུན་ཤེས་ཀྱིས་སྟོངས་ཤིང་བསམ་གཞིགས་གང་མི་བྱེད་པའི་རྒྱ་མོས་བལྟས་ན་མ་གུས་པ་མཚོན་བྱེད་ལྟར་སོང་ཕྱིར་སྐད་ཆ་དེ་འདྲ་ལབ་པ་ཡིན་ལས་ཆེ། འཇར་པན་བ་ལ་སྡང་སེམས་ཆེ་བ་བཤད་མ་དགོས།

ཚོགས་སུ་སླེབས་ཀྱང་དཔལ་འབྱོར་མ་བསྒྲུབས་པའི་མི་རྣམས་སྐབས་དེར་ཁ་མ་སོས་པས་པོ་ཏ་ལའི་ནང་རྟེན་ཐམས་ཅད་ཧམ་པ་ཅན་ལ་བཙོང་རྒྱུ་ཡིན་ནམ། ལས་ལ་མ་བརྩོན་པས་འབྱོར་པ་ཞན་པའི་མི་རྣམས་སྐབས་དེར་རྒྱབ་མ་ཁེབས་པས་ཇོ་བོ་ཤཱཀྱ་མུ་ནེ་ཧེ་ཙི་①དེ་ལ་བཙོང་རྒྱུ་ཡིན་ནམ། དེ་ལྟ་ན་འུ་ཚོར་ཆེས་མཐའ་མཇུག་ལྷག་ཡོད་པ་ནི་པོ་ཏ་ལའི་བཟོ་བཀོད་སྟོང་པ་དེ་ལས་ཅི་འདུག ཆོས་ལུགས་དང་རིག་གནས་སོགས་ཀྱི་ཁེ་དབང་གང་ཡང་དབང་ཆ་མ་ཟིན་པས་ཤོར་བ་ཡོད་ལ་འབྱོར་པས་མ་ཐེགས་པས་ཞིག་པའང་འཛམ་གླིང་འདིར་མཐོང་ཐོས་གང་མང་འབྱུང་རྒྱུ་འདུག སྟོབས་མེད་ཉམ་ཆུང་ནི་བྲན་གཡོག་ལྟར་འགྱུར་བ་འཇིག་རྟེན་མི་ཡུལ་གྱི་ཆོས་ཉིད་རེད། འཇིགས་རུང་གི་གནས་སྐབས་དེར་སླེབས་དུས་ཆོས་ལུགས་ཀྱིས་ཁོ་རང་སྐྱོབ་བམ་བོད་མི་སྐྱོབ། ཆོས་ཀྱིས་མི་བུ་སྲུང་སྐྱོབ་བྱེད་པ་ཡིན་ནམ་མི་བུས་ཆོས་སྲུང་སྐྱོབ་བྱེད་པ་ཡིན་པའི་གནད་དོན་འདི་ཁ་ཆེན་དབང་ཆེན་དང་རྒྱུ་ཅན་འབྱོར་ལྡན་རྣམས་ལ་དྲིས་ན་གོ་སྐོན་བློ་འགུགས་ཀྱི་ནུས་པ་ཡོད་པ་ལས་ཁ་ཆུང་དབང་ཆུང་དང་འབྱོར་མེད་ཉམ་ཆུང་རྣམས་ལ་དྲིས་ན་སུ་ཡིས་ཁས་ལེན། ཁོ་བོ་ཡང་ཕྱི་མའི་རིགས་སུ་གྱུར་ཕྱིར་ཁས་ལེན་མཁན་ཡོད་མི་སྲིད་པ་ཤེས་ནའང༌། རྒྱུ་གཡོག་སོགས་སུ་འགྱུར་སྲིད་པ་ལ་བློ་ཡིས་མ་བཟོད་པས་བོད་མིའི་མི་རབས་འདི་སྣ་དགོད་སློང་བའི་ཡི་གེ་འགའ་བྲིས་པར་དགོངས་འགལ་མེད་པར་ཞུ།

གང་ལྟར་ཀྱང༌། ལྷ་ཚོགས་མང་ཡང་བྱིན་རླབས་མེད། མི་ཚོགས་མང་ཡང་བརྩོན་སེམས་མེད། རེ་བའི་སྐྱབས་སོང་ལྷ་ལ་བཅོལ་ཀྱང་གྲོགས་མི་མཛད། ངལ་བའི་འབྲས་བུ་ཚེ་ལ་བསགས་ཀྱང་རྒྱུ་མི་འབྱོར། ལྷ་ཚོགས་ཕྱུག་ཀྱང་མི་ཚོགས་དབུལ་བའི་འཇིག་རྟེན་འདི་ཡ་མཚན་པོ་ཞིག་ལ་སེམས་ཏེ། ཨ་མཚར་མཚར་དགུའི་བརྒྱད་པར་བཞག་པ་ཡིན། །

①དགོད་གཏམ་དུ་ཧེ་ཙི་ཞིག་གིས་ངས་ཇོ་བོ་ཉོས་ཚེ་གཏེར་བདག་ཏུ་འགྱུར་སྲིད་ན་བོད་རྣམས་ཀྱིས་བཙོང་སྲིད་དམ་ཞེས་བཤད་སྐད།

༼རིགས་ཤེས་ཀུན་གྲོལ་༽ལས་དྲངས། མུ་མཐུད་འགོད་རྒྱུ།