བོད་མི་རིགས་ནི་གླུ་གཞས་ལ་ཤིན་ཏུ་དགའ་བའི་མི་རིགས་ཞིག་ཡིན་ཞིང་།བོད་པ་རྣམས་ཀྱི་ངོས་ནས་བརྗོད་ན།གླུ་གཞས་ནི་ཁོ་ཚོའི་ཟས་གོས་སྤྱོད་གསུམ་ལྟར་བསམ་པའི་ལོངས་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཞིག་ཏུ་གྱུར་ཡོད།ཡིན་ནའང་དེང་གི་དུས་སུ་རང་ཅག་བོད་འདིར་གླུ་གཞས་གསར་དུ་རྩོམ་མཁན་མང་པོ་དེ་ཙམ་མེད་ལ་ལྷག་པར་དུ་ཕ་སྐད་མ་ཡིག་གི་ཐོག་ནས་བརྩམས་པའི་བོད་གཞས་རྣལ་མ་གསར་དུ་རྩོམ་མཁན་དེ་བས་ཉུང་།དེ་ནི་རང་རེའི་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་གླུ་གཞས་ཀྱི་ཉམས་ཉེན་ཞིག་རེད་ལ་འཛམ་གླིང་ཧྲིལ་པོའི་ཆག་སྒོ་ཞིག་ཀྱང་རེད། འཛམ་གླིང་གླུ་གཞས་བང་མཛོད་ནང་དུ་ངོ་མཚར་རྨད་དུ་བྱུང་བའི་བོད་གཞས་མེད་དུ་མི་རུང་ལ་རང་ཅག་བོད་ཀྱི་གླུ་དབྱངས་གར་སྟེགས་ཐོག་བོད་གཞས་མེད་ན་དེ་བས་ག་ལ་འགྲིགདེར་བརྟེན་ང་ཚོའི་གླུ་དབྱངས་ཀྱི་སྒྱུ་རྩལ་ལ་མངའ་བཪྙེས་པ་དག་གིས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཐོག་ནས་བོད་གཞས་མང་པོ་གསར་དུ་རྩོམ་རྒྱུ་ནི་དགེ་མཚན་འབུམ་གྱིས་ཕྱུག་པའི་བྱ་བ་རླབས་པོ་ཆེ་ཞིག་ཡིན་ལ་དེ་ལྟ་བུའི་བྱ་བ་རླབས་པོ་ཆེ་སྒྲུབ་མཁན་དག་ཀྱང་སྐྱེ་བོ་ཀུན་གྱིས་བསྟོད་པའི་སྙན་ངག་འབྲི་ཡུལ་དང་བསྔགས་པའི་མེ་ཏོག་གཏོར་ཡུལ་ཁོ་ནའོ།

ད་རེས་ཁོ་བོས་ལྷན་རྒྱས་ལ་བོད་གྱི་གླུ་གཞས་གསར་རྩོམ་མཁས་ཅན་སངས་རྒྱས་ནོར་བུ་ལགས་ངོ་སྤྲོད་ཞུ་གི་ཡིན།

སངས་རྒྱས་ནོར་བུ་ལགས་ནི་བོད་ཀྱི་དེང་རབས་གླུ་གཞས་གསར་རྩོམ་མཁས་ཅན་ནང་ནས་གྲུབ་འབྲས་ཆེ་ཙམ་ཐོབ་པའི་གྲས་ཤིག་ཡིན་པ་དང་།ཁོང་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་གསར་རྩོམ་གླུ་གཞས་མང་པོ་ཞིག་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ནས་བོད་ལྗོངས་ཀྱི་ཡུལ་གྲུ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ལ་ལྷག་པར་དུ་གནས་མཆོག་ཕ་ཡུལ་ལྷ་ས་ཞེས་པ་དང་།ཡུམ་གྱི་བྱམས་སྐྱོང་ཞེས་པ། ཨ་ཕོ་ལུག་རྫི་ཞེས་པ།སྤུ་ཕྲུག་ནག་པོ་ཞེས་པ་སོགས་ནི་ད་ལྟ་བོད་ལྗོངས་ཁུལ་དུ་ཁ་ཡོད་ཚད་ཀྱིས་གཏོང་ཤེས་པ་དང་རྣ་ཡོད་ཚད་ཀྱིས་ཐོས་མྱོང་བའི་གླུ་གཞས་འབའ་ཞིག་ཡིན།

འོ་ན་སྐུ་ཞབས་སངས་ནོར་ལགས་ཀྱིས་གླུ་དབྱངས་སློབ་གླིང་གང་ཞིག་དང་དགེ་རྒན་ཆེན་མོ་སུ་ཞིག་གི་དྲུང་ནས་གླུ་གཞས་གསར་རྩོམ་རིག་པ་སྦྱངས་ཏེ་གླུ་གཞས་དེ་དག་གསར་དུ་བརྩམས་པ་རེད་དམ་ཞེ་ན། ཁོང་གླུ་གཞས་གསར་རྩོམ་རིག་པའི་དགེ་རྒན་བསྟེན་རྒྱུ་ལྟ་ཞོག་གླུ་དབྱངས་སློབ་གླིང་གི་ཐེམ་པ་ཡང་བརྒལ་མ་མྱོང་།འོ་ན་ཁོང་གིས་གླུ་གཞས་དེ་དག་ཇི་ལྟར་བྱས་ནས་བརྩམས་པ་ཡིན་ནམ་ཞེ་ན།གཤམ་ལ་ང་ཚོས་སངས་ནོར་ལགས་ཀྱིས་བརྒྱུད་པའི་མི་ཚེའི་ལམ་བུར་གཟིགས་ཙམ་གནང་དང་ཤེས་ཀྱི་རེད།  

དེ་ཡང་སྤྱི་ལོ་༡༩༤༥ལོར་ཡུལ་མཆོག་ལྷོ་ཁའི་གནས་བཟང་འཕྱོངས་རྒྱས་ཞོལ་བྱ་བར་སངས་རྒྱས་ནོར་བུའི་ལྟེ་ཁྲག་འཕོས་ཤིང་།ཡུལ་དེ་ནི་ལྷོ་ཁའི་ཡུལ་ཕྱོགས་ཀུན་དུ་སྙན་གྲགས་ལྡན་པའི་གླུ་གར་གྱི་ཕ་ས་ལྟ་བུ་ཡིན།སངས་རྒྱས་ནོར་བུའི་ཡབ་ནི་ཡུལ་དེའི་ལྷ་མོ་ཚོགས་པའི་ལྷ་མོ་བ་ཞིག་ཡིན་པ་དང་ཁོང་གི་ཡུམ་ཡང་རྣམ་ཐར་གཏོང་རྒྱུ་དང་སྒོར་གཞས་འཁྲབ་རྒྱུར་ཤིན་ཏུ་དགའ་བ་ཞིག་ཡིན།དེ་ལྟ་བུའི་ཁོར་ཡུག་ནང་འཁྲུངས་པའི་སངས་རྒྱས་ནོར་བུས་ཕྲུ་གུ་དམར་འབར་གྱི་སྐབས་ནས་རྐང་འཁྲབ་ལག་འཁྲབ་ཀྱིས་བྲོ་འཁྲབ་ཁུལ་བྱེད་ཅིང་།ཙེར་ཙེར་འུར་འུར་ཟེར་ཞིང་གཞས་གཏོང་ཁུལ་བྱེད།དུས་ཆེན་དང་སོས་དལ་གྱི་དུས་སུ་ཕོ་མོ་རྒན་གཞོན་མང་ཆེ་བ་གྲོང་ཚོའི་དབུས་ཀྱི་ཐང་ཡངས་ཤིག་ཏུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱེད་པ་ནི་ཡུལ་དེར་གནའ་སྔ་མོ་ནས་དར་བའི་སྲོལ་རྒྱུན་ཞིག་ཡིན་ཞིང་།སངས་རྒྱས་ནོར་བུ་ཡང་གོམ་པ་སྤོ་ཤེས་ཙམ་ནས་གྲོང་ཚོའི་གཞས་པ་དང་བྲོ་པའི་དཔུང་ཁག་ནང་ཚུད། སྐབས་དེར་ཁོང་གིས་རྟག་ཏུ་ཞབས་བྲོའི་གྲལ་སྟར་ནང་ཨུ་ཚུགས་ཀྱིས་ཞུགས་ནས་འཁྲབ་སྟོན་ཅི་དགར་བྱེད་པས་ཡུན་རིང་མ་སོང་བར་ཁོང་རང་མཉམ་བྱིས་པའི་ཁྲོད་ཀྱི་གཞས་དང་ཞབས་བྲོའི་རྒྱལ་པོ་ལྟ་བུར་གྱུར།ད་དུང་ཁོང་ནི་སོ་མ་ར་ཙའི་སྡོང་པོ་དང་འཇིམ་པ་ཡིས་གླིང་བུ་བཟོས་ནས་སྙན་འཇེབས་ལྡན་པའི་རོལ་དབྱངས་འབུད་རྒྱུར་ཤིན་ཏུ་མཁས་པས་ཁོང་གི་སྒྱུ་རྩལ་གྱི་ཡོན་ལ་མི་ཚང་མ་ཧ་ལས་ཧང་སངས་པར་འགྱུར་གྱི་ཡོད།

སངས་རྒྱས་ནོར་བུ་ལོ་ན་དགུར་སོན་སྐབས་ཡབ་ཀྱི་བཀའ་བཞིན་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་དམ་པའི་ཆོས་ལ་ཞུགས་ནས་བོད་ཡིག་གི་སྦྱོར་ཀློག་ནས་འགོ་བཙུགས་ཏེ་རིག་པའི་གནས་ལ་སྦྱངས་པ་བྱེད་འགོ་ཚུགས།ཡིན་ནའང་ཁོང་གི་ཆེས་དགའ་ཞེན་བྱེད་ཡུལ་ནི་གླུ་ལེན་གར་འཁྲབ་བྱེད་རྒྱུ་དེ་ཡིན་པས་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གླུ་ལེན་གར་འཁྲབ་ཀྱི་གོ་སྐབས་བརྩོན་ལེན་གནང་།དེ་ནས་ཁོང་དགུང་ལོ་བཅུ་གཉིས་ལ་སོན་སྐབས་དགོན་པའི་རྒྱ་གླིང་འཛིན་གྲྭའི་ནང་ཞུགས་རྒྱུའི་སྐལ་བཟང་ཐོབ།ཁོང་གིས་དུས་ཡུན་ལོ་གཅིག་རིང་འབད་བརྩོན་ལྷོད་མེད་ཀྱིས་རྒྱ་གླིང་སྦྱང་པས་མཐར་རྒྱ་གླིང་རྒྱུགས་ལེན་སྐབས་སྦྱང་འབྲས་ཨང་དང་པོ་ཐོབ། དེ་ནས་སྤྱི་ལོ་༡༩༥༩ལོའི་བོད་ཟླ་གསུམ་པར་ཁོང་གཟི་བརྗིད་ལྡན་པའི་ངང་འཕྱོངས་རྒྱས་བྱམས་པ་ཆོས་བསྐོར་གྱི་རྒྱ་གླིང་སེར་སྦྲེང་ནང་ཚུད།སྐབས་དེར་ཡུལ་དེའི་རྒྱ་གླིང་གཏོང་མཁན་རྣམས་ཀྱི་ངོས་ནས་བཤད་ན་བྱམས་པ་ཆོས་བསྐོར་གྱི་རྒྱ་གླིང་སེར་སྦྲེངས་ནང་ཚུད་པ་ནི་རང་ཉིད་ཀྱི་མི་ཚེ་གཅིག་ནང་གི་དོན་སྙིང་ཆེ་ཤོས་དང་གཟི་བརྗིད་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན།དེ་ལྟར་ཁོང་གིས་དགོན་པ་དེར་བོད་ཡིག་སྦྱོར་ཀློག་རོབ་ཙམ་དང་ཆོས་ལུགས་ཀྱི་ཆོ་ག་ཐར་ཐོར་ཙམ་ཆུད་པ་བྱས་པ་མ་ཟད་རྒྱ་གླིང་གཏོང་རྩལ་མཐར་ཕྱིན་པ་སྦྱངས། དེ་ནས་སྤྱི་ལོ་༡༩༥༩ལོ་སྟེ་སངས་རྒྱས་ནོར་བུ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་ཆོས་སྒོར་ཞུགས་ནས་ལོ་ལྔ་འགྲོ་བའི་དུས་དེར་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པས་དགོན་པ་དེའི་སྐྱིད་སྡུག་ཁ་ཐོར་དུ་སོང་བས་སངས་རྒྱས་ནོར་བུ་ཡང་རྡོག་ཆས་བརྒྱབ་ནས་རང་ཁྱིམ་དུ་ཕྱི་ལོག་བྱས། ལོ་དེའི་ཟླ་བ་༧པ་ནས་ཁོང་འཕྱོངས་རྒྱས་ཞོལ་ཤང་དམངས་བཙུགས་སློབ་གྲྭར་དངོས་སུ་ཞུགས་ནས་བོད་ཡིག་སུག་བྲིས་དང་རྩིས་རིག་སོགས་སྦྱོང་འགོ་ཚུགས།ལོ་གསུམ་གྱི་རྗེས་ཁོང་དམངས་བཙུགས་སློབ་གྲྭ་དེ་ཐོན་པ་དང་ཞིང་པ་གནང་ནས་བཞུགས།སྐབས་དེར་ཁོང་གིས་རང་ཉིད་ཀྱི་འདོད་མོས་ལྟར་གླུ་ལེན་གར་འཁྲབ་ཅི་དགར་བྱེད་ཆོག་པས་ཁོང་དམངས་ཁྲོད་གླུ་གར་ལ་དེ་བས་བྱང་ཆུབ་པར་གྱུར།

ལང་ཚོའི་དཔལ་ཡོན་མེ་ལྟར་འབར་ཞིང་།རེ་སྨོན་དང་ཡིད་ཆེས་ཀྱིས་ཁེངས་པའི་སངས་རྒྱས་ནོར་བུས་རང་ཉིད་ཀྱི་གླུ་ལེན་གར་འཁྲབ་ཀྱི་ཁྱད་ཡོན་དེ་འདོན་སྤེལ་ལེགས་པར་བྱེད་ཆེད་འཕྱོངས་རྒྱས་ཞོལ་ཤང་གཞོན་ནུ་ཚོགས་པའི་སྐྱིད་སྡུག་ལ་ཞུགས། ཚོགས་པ་དེ་ནི་ལས་ཞོར་འཁྲབ་སྟོན་རུ་ཁག་ཅིག་ཡིན་པ་དང་། ཚོགས་པ་དེའི་ཁོངས་མི་ཚོས་ཞིང་དལ་གྱི་དུས་གླུ་གར་ནང་སྦྱོང་བྱས་ནས་དུས་ཆེན་གྱི་སྐབས་ཡུལ་མི་ཚོར་གཟིགས་མོ་སྤྱན་འབུལ་ཞུ་བཞིན་ཡོད་པ་རེད།

སྤྱི་ལོ་༡༩༦༤ལོར་སངས་ནོར་ལགས་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཁྲབ་སྟོན་པ་བཞི་བཅུ་དང་མཉམ་དུ་རྒྱལ་ས་པེ་ཅིན་དུ་གཉེར་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལས་ཞོར་རིག་རྩལ་ཚོགས་པའི་རིག་རྩལ་འགྲན་ཚོགས་ནང་ཞུགས་ཏེ་སྔ་ཕྱིར་པེ་ཅིན་ཟློས་གར་ཁང་དང་མི་དམངས་ཚོགས་ཁང་ཆེན་མོ་སོགས་སུ་མི་རིགས་ཀྱི་ཁྱད་ཆོས་ཟབ་ལ་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་འཁྲབ་ཚན་མང་པོ་འཁྲབ་སྟོན་སྤྱན་འབུལ་ཞུས་པས་ལྟད་མོ་བ་ཁྲི་སྟོང་མང་པོའི་ཁྲོད་ལན་ཆ་ཧ་ཅང་ཆེན་པོ་བྱུང་བ་དང་།ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ ཀྱིས་ཚད་མཐོའི་བསྔགས་བརྗོད་དང་ཁས་ལེན་ཐོབ། དེ་ལྟར་པེ་ཅིན་དུ་འཁྲབ་སྟོན་བྱས་ནས་ཟླ་བ་གཉིས་ཙམ་བསྡད་རྗེས་སླར་ཡང་ཞི་ཨན་གྲོང་ཁྱེར་དང་ཁྲེན་ཏུའུ་གྲོང་ཁྱེར་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་བསྐྱོད་པས་ཡུལ་གྲུ་དེ་དག་གི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་ཁོང་ཚོའི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་ཕྱིན་པས་ཁོང་ཚོའི་བསམ་བློར་གཡོ་འགུལ་ཆེན་པོ་ཐེབས། དེ་ནས་སྤྱི་ལོ་༡༩༦༥ལོར་ཁོང་ཚོ་བོད་ལ་ཕྱི་ལོག་བྱས་པ་དང་།སྐབས་དེར་བོད་ལྗོངས་ཀྱི་ས་ཁུལ་ཁག་གིས་ཀྱང་སོ་སོའི་ཨུ་ལན་མུ་ཆི་རིག་རྩལ་ཚོགས་པ་འཛུགས་བཞིན་ཡོད་པས་སངས་རྒྱས་ནོར་བུ་ལགས་ལྷོ་ཁ་ས་ཁུལ་རིག་རྩལ་ཚོགས་པའི་གདན་ཞུས་ལྟར་ཚོགས་པ་དེར་ཕྱག་ལས་གནང་བར་ཕེབས།སྐབས་དེར་ཚོགས་པ་དེར་ཁྱོན་འཁྲབ་སྟོན་པ་མི་བཅུ་དྲུག་ལས་མེད་པ་དང་།དེ་དག་ཀྱང་དམངས་ཁྲོད་ཀྱི་ལས་ཞོར་འཁྲབ་སྟོན་པའི་ཁྲོད་ནས་བསྡུས་པ་ཤ་སྟག་ཡིན་པས་ཁོང་ཚོས་དམངས་ཁྲོད་ཀྱི་གླུ་གར་འཁྲབ་སྟོན་མ་གཏོགས་དེང་རབས་ཀྱི་གླུ་གར་གཞུང་ལུགས་དང་།ཐ་ན་དབྱངས་རྟགས་ཀྱང་འདོན་མི་ཤེས་མོད།ཡིན་ནའང་ཁོང་ཚོས་སློབ་སྦྱོང་དང་ལག་ལེན་ཁྲོད་དུ་འཚོལ་ཞིབ་བྱས་ནས་གླུ་གཞས་དང་ཞབས་བྲོ།གཞས་མ་གཏམ།གཏམ་བརྗོད་ཟློས་གར་ཐུང་གྲས།དགོད་བྲོའི་གཏམ་གླེང་སོགས་འཁྲབ་ཚན་མང་པོ་རང་རྩོམ་རང་འཁྲབ་བྱས་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།ལྷག་པར་དུ་སྐབས་དེར་ཁོང་ཚོས་རང་རྩོམ་རང་འཁྲབ་བྱས་པའི་འཁྲབ་ཚན་ནོར་བུ་སྐྱེལ་བ་ཞེས་པ་དང་།ཆོས་སྐྱིད་ཅེས་པ།སྔ་དྲན་དེང་བསྡུར་ཞེས་པ་སོགས་ནི་སྐབས་དེའི་མང་ཚོགས་ཀྱིས་གསན་གཟིགས་བྱེད་རྒྱུར་ཧ་ཅང་དགའ་བའི་འཁྲབ་ཚན་ཤ་སྟག་ཡིན།སྐབས་དེར་ཁོང་ཚོ་རྟག་པར་རྫོང་ཁག་དང་ཤང་ཁག་ལ་སྐོར་སྐྱོད་འཁྲབ་སྟོན་ལ་འགྲོ་དགོས་པས་ལས་ཁུངས་ནང་དལ་པོར་སྡོད་པའི་དུས་ཚོད་ཤིན་ཏུ་ཉུང་ཞིང་།ཁོང་ཚོའི་འཚོ་བའི་ཆ་རྐྱེན་དང་ལས་ཀའི་ཆ་རྐྱེན་ནི་དེ་བས་ཞན།ཡིན་ནའང་ཁོང་ཚོས་དེ་དག་ལ་ཇི་མི་སྙམ་པར་འབད་བརྩོན་ལྷོད་མེད་ཀྱིས་གླུ་གར་འཁྲབ་སྟོན་བྱས་པས་ཏང་དང་མི་དམངས་ཀྱི་དགའ་མགུ་ཡི་རང་ཐོབ། སྤྱི་ལོ་༡༩༧༢ལོར་ཁོང་པེ་ཅིན་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་ཚན་པར་ལས་བསྒྱུར་གནང་ནས་རིག་རྩལ་ལེ་ཚན་གྱི་རྩོམ་སྒྲིག་པ་གནང་།པེ་ཅིན་ནི་ཀྲུང་ཧྭ་མི་་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་འཁྱིལ་བའི་གནས་ཤིག་ཡིན་པ་མ་ཟད་ཕྱིའི་རྒྱལ་ཁབ་ཀྱི་སྔོན་ཐོན་གྱི་བསམ་བློ་དང་རིག་གནས་ཡང་དར་ཁྱབ་ཅུང་ཆེ་བའི་གནས་ཤིག་ཡིན།ཁོར་ཡུག་དེ་ལྟ་བུའི་ཁྲོད་བོད་མི་རིགས་ཀྱི་སྲོལ་རྒྱུན་གླུ་དབྱངས་སྒྱུ་རྩལ་ལ་བྱང་ཆུབ་པའི་སངས་རྒྱས་ནོར་བུར་སླར་ཡང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་སྒྱུ་རྩལ་ལ་ཉམས་ཞིབ་དང་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་པོ་ཞིག་ཐོབ། དེ་ལྟར་ལོ་ཤས་སོང་རྗེས་ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་བྱང་ཆུབ་ཅིང་རྒྱལ་སྤྱིའི་དེང་རབས་རིག་གནས་སྒྱུ་རྩལ་ལ་རྒྱུས་མངའ་ཆེ་བའི་བོད་ཀྱི་དེང་རབས་སྒྱུ་རྩལ་པ་ཞིག་ཏུ་གྱུར། དེ་ལྟ་བུའི་བསམ་བློའི་འཕོ་འགྱུར་གྱི་ཁྲོད་སངས་རྒྱས་ནོར་བུར་བོད་གཞས་གསར་རྩོམ་བྱེད་རྒྱུའི་འདུན་པ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་སྐྱེས། གླུ་གཞས་གསར་རྩོམ་གྱི་བྱ་བ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ཞིང་།ཚད་ལྡན་གྱི་གླུ་གཞས་རྩོམ་པར་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་དང་དེང་རབས་རིག་གནས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ཙམ་གྱིས་མི་འགྲིག་པར་ད་དུང་དབྱངས་རྟགས་འབྲི་ཀློག་རིག་པ་དང་།རོལ་དབྱངས་སྡེབ་སྦྱོར་རིག་པ།གླུ་དབྱངས་གསར་རྩོམ་གཞུང་ལུགས་སོགས་རིག་ཚན་མང་པོ་མཐར་ཕྱིན་པ་སྦྱོང་དགོས།ཡིན་ནའང་སངས་རྒྱས་ནོར་བུར་དེ་ལྟ་བུའི་རིག་ཚན་སྦྱོང་བའི་སྐལ་བ་ཐོབ་མེད་ཀྱང་ཁོང་གི་གླུ་གཞས་རྩོམ་འདོད་ཀྱི་འདུན་པ་དེ་ནི་མཚོ་རླབས་ལྟར་ནམ་ཡང་འཇགས་ཐབས་བྲལ་བས་མཐར་སྤྱི་ལོ་༡༩༨༤ལོར་ཁོང་གིས་ཏང་གི་ཚོགས་ཆེན་དགུ་པར་བསྟོད་པའི་གླུ་གཞས་ཤིག་བརྩམས་པས་འབྲེལ་ཡོད་རིགས་གཅིག་མཁས་པའི་ཚད་མཐོའི་བསྔགས་བརྗོད་དང་ཁས་ལེན་ཐོབ།དེ་ནས་བཟུང་ཁོང་གི་རིག་པའི་ཀློང་ཡོངས་སུ་བརྡོལ་བས་བོད་གཞས་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་བརྩམས་ཏེ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་པ་དེས་ཁོང་གི་སེམས་ཤུགས་ཇེ་ཆེར་འཕེལ་ནས་མུ་མཐུད་བློ་ཁོག་ཆེན་པོས་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ཉི་འོད་གྲོང་ཁྱེར་ཞེས་པ་དང་།བཀྲ་ཤིས་བདེ་ལེགས།ཡུམ་གྱི་བྱམས་སྐྱོང་།གནས་མཆོག་ཕ་ཡུལ་ལྷ་ས།ལྷ་སའི་མཚན་མོའི་ཡུལ་ལྗོངས།ཕ་རིའི་སྤང་གི་སྟེང་ལ།ཚེ་རིང་ལགས་སོ།ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།མཛེས་ལྡན་ལྷ་སའི་བུ་མོ།ཡིད་དུ་འོང་བའི་གྲོ་མོ།འཕྱོངས་རྒྱས་གཡང་ཊིའི་བཟོ་གྲྭ་དང་ཨ་ཕོ་ལུག་རྫི།སྐད་ཡིག་གླུ་གཞས།སྐུ་ཉིད་ཡར་ཀླུང་གཞུང་ལ་ཕེབས།རི་བོ་ཧི་མ་ལ་ཡ་ནས་ཕྱིར་ཐོན་པ།གྲ་ནང་སྣམ་བུ།བུ་མོ་ང་རང་གི་འཁོར་ས་ཞེས་པ་སོགས་གླུ་གཞས་འབོར་ཆེན་ཞིག་བརྩམས་གནང་ཡོད་པ་གླུ་གཞས་དེ་དག་གི་ཁྱད་ཆོས་ནི་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ཀྱི་ཉམས་འགྱུར་རྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག་མི་རིགས་གཞན་གྱི་གླུ་གཞས་ཀྱི་ལེགས་ཆ་བསྡུ་ལེན་འོས་འཚམས་བྱས་ཤིང་། དེང་རབས་ཀྱི་རོལ་དབྱངས་དང་སྡེབ་ལེགས་པར་སྦྱར་བ་རེད།

མདོར་ན་ཁོང་གིས་སྐབས་དེར་བརྩམས་པའི་གླུ་གཞས་མང་ཆེ་བ་ནི་དུས་སྐབས་གསར་པའི་བོད་ཀྱི་གླུ་གཞས་ཀྱི་ཚབ་མཚོན་དུ་རུང་བ་ཤ་སྟག་རེད།ཁོང་གི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་གླུ་གཞས་དེ་དག་ལས་་བོད་ཀྱི་གླུ་མ་ཟླ་སྒྲོན་དང་། སྐལ་བཟང་ཆོས་སྒྲོན། ཡར་དུང་།འཕྱོངས་ཞོལ་སྒྲོལ་མ་སོགས་ཀྱིས་བླངས་པའི་ལྷ་སའི་མཚན་མོའི་ཡུལ་ལྗོངས་དང་།གནས་མཆོག་ཕ་ཡུལ་ལྷ་ས། ཁྲོམ་གཟིགས་སྒང་། ཨ་ཕོ་ལུག་རྫི། རི་བོ་ཧི་མ་ལ་ཡ་སོགས་ནི་བོད་ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ཅིང་། གཞས་དེ་དག་གིས་བོད་ཀྱི་གླུ་དབྱངས་ཀྱི་བང་མཛོད་དང་བོད་ཀྱི་མང་ཚོགས་ཀྱི་སེམས་ཁམས་དེ་བས་ཕྱུག་པར་བྱས་ཡོད།ད་དུང་ཁོང་གིས་བརྩམས་པའི་མཚམས་སྦྱོར་དྲིལ་བསྒྲགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དེ་དག་གིས་ས་གནས་དེ་དག་གི་དཔལ་འབྱོར་གོང་དུ་སྤེལ་བ་སོགས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད། གཞན་ཡང་སངས་ནོར་ལགས་ནས་རྩོམ་སྒྲིག་གནང་བའི་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ཚན་པའི་སངས་ནོར་རོལ་མོའི་གར་སྟེགས་ལེ་ཚན་ཞེས་པ་ནི་བོད་ཀྱི་མང་ཚོགས་ཀྱིས་ཧ་ཅང་མཉེས་པོ་བྱེད་པའི་གྲགས་ཅན་ལེ་ཚན་ཞིག་ཡིན་ལ། ལེ་ཚན་དེས་བོད་ཀྱི་སྲོལ་རྒྱུན་གླུ་དབྱངས་རིག་གནས་འཛིན་སྤེལ་དང་གསར་དར་གླུ་གཞས་ཁྱབ་སྤེལ། དེ་བཞིན་བོད་རིགས་མི་དམངས་ཀྱི་བསམ་པའི་ལོངས་སྤྱོད་གྲ་རྒྱས་སུ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་བར་བྱེད་རྒྱུ་སོགས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་ཁས་ལེན་དང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

སྤྱི་ལོ་༢༠༠༧ལོའི་སྤྱི་ཟླ༡༡པའི་ཚེས༡༥ཉིན་ཁོང་རང་གི་སྐུའི་ལྟེ་ཁྲག་འཕོ་སའི་གནས་ལྷོ་ཁ་འཕྱོངས་རྒྱས་ནས་སྐུ་གཤེགས་ཤིང་སྐབས་དེར་དགུང་གྲངས་དྲུག་ཅུ་རེ་གཉིས་ཟིན་ཡོད། དེ་ལྟར་སངས་ནོར་ལགས་ཀྱིས་མི་ཚེ་གང་བོ་བོད་ཀྱི་སྲོལ་རྒྱུན་དབྱངས་རྟ་རྒྱུད་འཛིན་གྱིས་དེང་རབས་གླུ་གཞས་གསར་རྩོམ་བྱ་རྒྱུའི་ཁྲོད་བསྟིམས་ནས་བོད་ཀྱི་གླུ་པ་གླུ་མ་མང་པོ་ཞིག་གསོ་སྐྱོང་གནང་ཡོད་པ་བཅས་བོད་ཀྱི་གླུ་གར་སྒྱུ་རྩལ་གྱི་བྱ་གཞག་ཐད་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད།

༢༠༠༣ལོའི་ཀྲུང་བོའི་བོད་ལྗོངས་དེབ་དྲུག་པ་ལས་བཏུས་ཏེ་འཕྲི་སྣོན་ཅུང་ཟད་བྱས།