«གངས་རིའི་ཤེལ་གྱི་མཆོད་རྟེན་གྱི་ཕྲེང་བས་མུ་ཁྱུད་བྱས་པའི་རང་རེའི་སཱ་ལའི་སྨན་ལྗོངས་སུ།
ཆོས་རྒྱལ་ལོ་པཎ་རྣམས་དང་ཀུན་རིག་མཁས་པའི་དབང་པོ་དག་གི་བཀའ་དྲིན་ལས།
གསུང་རབ་ཀྱི་གླེགས་བམ་རི་རབ་ཀྱི་གཏོས་དང་མཉམ་པ་ཡོད་ན་ཡང་།
དུས་ཀྱི་འཕེལ་འགྲིབ་སོགས་ཀྱིས་མང་པོ་ཞིག་འབྱུང་བཞིའི་ཟས་སུ་ཕྱིན་པ་དང་།
གང་མང་ཞིག་ས་རྡུལ་གྱི་ཁྲོད་དུ་ཆེས་མཐའ་མཇུག་གི་གཟིམས་མལ་བསྟེན་ལ་ཉེ་བ་སོགས་ཀྱིས་དེ་དག་མྱུར་སྐྱོབ་དང་།
གཅེས་ཉར་བྱེད་རྒྱུ་ནི་འཕྱིས་མེད་ན་སྔ་མེད་པའི་དུས་ཡིན་ཞིང་།
དེས་རང་རིགས་བསམ་ཡོད་གང་མང་ཞིག་གིས་དེ་དག་བསྐྱར་དཔར་དང་།
དེབ་གཟུགས་པར་སྐྲུན་སོགས་ཀྱིས་འགྲེམས་སྤེལ་དང་།
སྲུང་སྐྱོབ་ལ་རེམ་བཞིན་པ་ནི་དགའ་འོས་པ་དང་།
ཡི་རང་གི་ལེགས་སོ་འབུལ་བའི་གནས་ཡིན་ནོ།

ཕྱོགས་གཞན་ཞིག་ནས་བཤད་ན།
མི་རིགས་དེའི་ཤེས་རིག་གི་ཉིང་བཅུད་ནི་མི་རིགས་དེའི་བླ་སྲོག་ཡིན་ཞིང་།
དེ་ཉིད་དར་སྤེལ་དང་སྲུང་སྐྱོབ་བྱེད་རྒྱུ་ཡང་།
མི་རིགས་དེ་ཉིད་ཀྱི་འོས་འགན་ཡིན་ན།